མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་འཇར་པན་ཀོང་མེན་ཏང་གི་མགོ་གཙོ་ཧྲན་ཁུག་ན་ཅིན་ནན་ལ་མཇལ་འཕྲད་གནང་བ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན།  2013-01-26 11:08

000.jpg

སྤྱི་ཟླ1པོའི་ཚེས25ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་པན་ཀོང་མེན་ཏང་གི་མགོ་གཙོ་ཧྲན་ཁུག་ན་ཅིན་ནན་ལ་མཇལ་འཕྲད་གནང་།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྤྱི་ཟླ1པོའི་ཚེས25ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་པན་ཀོང་མེན་ཏང་གི་མགོ་གཙོ་ཧྲན་ཁུག་ན་ཅིན་ནན་ལ་མཇལ་འཕྲད་གནང་།

    མཇལ་འཕྲད་གནང་སྐབས་ཞི་ཅིན་ཕེན་གྱིས་གསུངས་རྒྱུར། ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་ཡུན་རིང་ལ་བདེ་བླག་དང་བརྟན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བ་སྲུང་འཛིན་བྱེད་དགོས་ན། ངེས་པར་དུ་ཁྱོན་ཡོངས་ལ་དམིགས་དགོས་པ་དང་། ཁ་ཕྱོགས་གསལ་བོ་བྱས་ནས་དུས་ཐོག་ཏུ་རྒྱལ་ཁབ་གཉིས་བར་གནས་བའི་འབུར་ཐོན་གནད་དོན་འོས་འཚམ་སྒོས་ཐག་གཅོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཏེའོ་ཡུས་གླིང་ཕྲན་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ནམ་ཡང་གསལ་བོ་ཡིན་པས། འཇར་པན་ཕྱོགས་ཀྱིས་ལོ་རྒྱུས་དང་དོན་དངོས་གཞིར་བཟུང་སྟེ་བྱ་སྤྱོད་དངོས་ལས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་དགོས་པ་དང་། གྲོས་མོལ་གྱི་ཐབས་ལམ་བརྒྱུད་ནས་དོ་དམ་ཚོད་འཛིན་དང་གནད་དོན་ཐག་གཅོད་པའི་ཕན་ནུས་ལྡན་པའི་བྱེད་ཐབས་འཚོལ་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྲན་ཁུག་ན་ཅིན་ནན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དམིགས་བསལ་ཡིན་པའི་སྐབས་སུ་ཀྲུང་གོར་འཚམས་འདྲི་ཡོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀོང་མེན་ཏང་གིས་མུ་མཐུད་དུ་ཀྲུང་གོ་དང་འཇར་པན་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་འཛུགས་སྐྲུན་རང་བཞིན་གྱི་ནུས་པ་འདོན་དགོས་ཟེར།

    ཧྲན་ཁུག་ན་ཅིན་ནན་གྱིས་བཤད་རྒྱུར། ཀོང་མེན་ཏང་གིས་ནམ་ཡང་འཇར་པན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་བརྩོན་ལེན་བྱེད་བཞིན་པ་དང་། འཇར་པན་དང་ཀྲུང་གོའི་བར་གྱི་ཆབ་སྲིད་ཡིག་ཆ་བཞིའི་ནང་གཏན་ཁེལ་བྱས་པའི་རྩ་དོན་བརྩི་སྲུང་བྱེད་པའི་འདོད་བློ་བཅངས་ཡོད། ཀོང་མེན་ཏང་གིས་འཇར་པན་དང་ཀྲུང་གོ་བར་གྱི་མཛའ་མཐུན་སྲོལ་རྒྱུན་འབྲེལ་བ་རྒྱུན་འཛིན་དང་དར་སྤེལ་བྱེད་པ་དང་། རྒྱལ་ཁབ་གཉིས་བར་གྱི་བརྗེ་རེས་དང་མཉམ་ལས་ཤུགས་སྣོན་པར་མ་ཟད། གྲོས་མོལ་གྱི་རྣམ་པ་ལ་བརྟེན་ནས་འབྲེལ་ཡོད་གནད་དོན་འོས་འཚམ་སྒོས་ཐག་གཅོད་པར་སྐུལ་འདེད་བཏང་ནས། འཇར་པན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་འབད་བརྩོན་བྱེད་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག