མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

གཅེས་སེམས་གཞི་རིམ་དུ་སྐྱེལ་ཏེ་ས་གནས་ཁག་གིས་གཤམ་སྐྱེལ་གསུམ་ཞེས་པའི་བྱེད་སྒོ་གཅིག་མཇུག་གཉིས་མཐུད་ངང་སྤེལ་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-25 10:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚན་རྩལ་ཤེས་བྱ་ཞིང་ནང་དུ་སྐྱེལ་བ་དང་ཕུལ་བྱུང་རིག་གནས་གྲོང་ཚོ་དང་རི་ཁུལ་དུ་སྐྱེལ་བ། སྨན་ཁུག་ས་མཐོའི་རི་ཁུལ་དུ་འཁུར་འགྲོ་བ་ལ་སོགས་པེ་ཅིན་དང་། ལེའོ་ཉིང་། ཧོ་པེ། ཅང་སུའུ། སི་ཁྲོན། ཧུའུ་པེ། ཧུའུ་ནན། ཀུའེ་ཀྲོའུ་སོགས་ཀྱིས་ཉེ་ཆར་གཤམ་སྐྱེལ་གསུམ་གྱི་བྱེད་སྒོ་གཅིག་མཇུག་གཉིས་མཐུད་ངང་སྤེལ་ནས། ས་གནས་དེ་གའི་མང་ཚོགས་ལ་རིག་གནས་ཀྱི་རྒྱགས་ཕྱེ་དང་ཚན་རྩལ་ཁྱབ་གདལ་གྱི་ཤེས་བྱ། འཕྲོད་བསྟེན་ཞབས་ཞུ་བཅས་སྐྱེལ་བ་དང་། གྲང་ངར་ཆེ་བའི་དགུན་དུས་སུ་དྲོ་སོབ་སོབ་ཀྱི་གཅེས་སེམས་གཞི་རིམ་དུ་གཤམ་སྐྱེལ་བྱས་ཡོད་པ་རེད།

ད་ལོ་ཧོ་པེ་ཞིང་ཆེན་གྱིས་ཞབས་ཞུའི་རྣམ་པ་གསར་གཏོད་དང་སྒྱུར་བཅོས་བྱས་པ་དང་། ཞིང་ཆེན་གྱི་འབྲེལ་ཡོད་ཚན་པས་ཞིང་ལས་ཚན་རྩལ་ཡན་ལག་རུ་ཁག་དང་། ཁྲིམས་ལུགས་དྲིལ་བསྒྲགས་ཡན་ལག་རུ་ཁག་སོགས་རིགས་མི་འདྲ་བ་ལྔའི་ཆེད་ལས་ཡན་ལག་རུ་ཁག་ལྔ་བཅུ་ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ཤང་དང་གྲོང་རྡལ་དང་། སློབ་གྲྭ་འབྲིང་ཆུང་ཁག་ཅིག་བཅས་ལ་བསྐྱོད་དེ་ཞབས་ཞུའི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་པ་རེད།

ས་གནས་ཁག་གི་གཤམ་སྐྱེལ་གསུམ་ཞེས་པའི་བྱེད་སྒོ་སྤེལ་ས་དངོས་སུ་གསར་འགོད་པས་ཞིང་ལས་ཚན་རྩལ་གྱི་བློ་འདྲིའི་ཞབས་ཞུ་ཕུད། ཚན་རྩལ་ཁྱབ་གདལ་གྱི་དཔྱད་གཞིའི་ཡིག་ཆ་དང་། རྫས་ལུད། ཞིང་སྨན་སོགས་དངོས་པོ་གྲོང་གསེབ་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱེལ་ནས། གཞི་རིམ་མང་ཚོགས་ལ་ཚན་རྩལ་གོང་འཕེལ་གྱི་གྲུབ་འབྲས་གསར་པ་ལོངས་སྤྱོད་བྱེད་དུ་འཇུག་བཞིན་པ་མཐོང་བ་རེད།

སི་ཁྲོན་ཞིང་ཆེན་དབྱིས་པིང་གྲོང་ཁྱེར་ལིའི་ཀྲོང་གྲོང་རྡལ་ཧྥའོ་ཀོང་གྲོང་ཚོའི་དགུང་ལོ57ལ་སོན་པའི་ལིའུ་རུའུ་པིན་གྱིས་གསར་འགོད་པར་རང་ཉིད་ཞོགས་པ་སྔ་པོ་ནས་གཤམ་སྐྱེལ་གསུམ་ཞེས་པའི་བྱེད་སྒོ་སྤེལ་སར་ཆེད་མངག་རིགས་གཅིག་མཁས་པར་མེ་ཏོག་འདེབས་སྟངས་དང་མེ་ཏོག་གསོ་སྟངས་སྐོར་འདྲི་བར་ཡོང་བ་ཡིན་ཞེས་བཤད་པ་རེད།

པེ་ཅིན་གྲོང་ཁྱེར་ཐོང་ཀྲའུ་ཁུལ་ལུའུ་ཁྲེང་གྲོང་རྡལ་ཏུང་པའོ་གྲོང་ཚོའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས་གཤམ་སྐྱེལ་གསུམ་གྱི་གཅིག་བསྡུས་དཔེ་སྟོན་བྱེད་སྒོའི་འགོ་ཚུགས་མཛད་སྒོ་སྤེལ་སར་ཏུང་པའོ་གྲོང་ཚོའི་སྒྱུ་རྩལ་ཚོགས་པའི་ཁོངས་མི་དྲུག་བཅུ་ལྷག་ཙམ་གྱིས་འགོ་ཚུགས་ཞབས་བྲོ་འཁྲབ་པ་དང་། རྒན་རྒོན་ཚོས་དགའ་དགའ་སྤྲོ་སྤྲོའི་ངང་དབྱང་ཀོ་ཞབས་བྲོ་འཁྲབ་བཞིན་སྙན་འཇེབས་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་ལྷན་དུ་ཉམས་འགྱུར་ལྡན་པའི་ཞབས་བྲོ་འཁྲབ་པས་དེ་གར་ཐལ་མོའི་རྡེབ་སྒྲས་ཁེངས་པ་རེད།

ཅང་སུའུ་ཞིང་ཆེན་རིག་རྩལ་འཁྲབ་སྟོན་ཚོགས་པའི་འཁྲབ་སྟོན་པས་ཅང་སུའུ་ཞིང་ཆེན་སི་ཧོང་རྫོང་ཧྲོང་ཀའུ་གྲོང་རྡལ་གྱི་ཚོགས་ཁང་དུ་ངོ་མཚར་ཆེ་བའི་འཁྲབ་སྟོན་བྱས་པར་ལྟད་མོ་བའི་དགའ་བསུ་ཐོབ་པ་རེད།

ཧུའུ་ནན་ཡུས་ཡང་གྲོང་ཁྱེར་ཤང་དབྱིང་རྫོང་ཏུང་ཐང་གྲོང་རྡལ་དུ་ཅིང་ཅུས་ཟློས་གར་དང་། རྩལ་རྩེད། ཞབས་བྲོ་སོགས་རིག་རྩལ་འཁྲབ་སྟོན་གྱིས་གཤམ་སྐྱེལ་གསུམ་གྱི་བྱེད་སྒོར་ཚ་རླབས་འཕྱུར་བ་རེད།

ལེའོ་ཉིང་ཞིང་ཆེན་པན་ཤི་གྲོང་ཁྱེར་པན་ཤིའི་རྫོང་གི་བྱེད་སྒོ་སྤེལ་སར་དེའི་ནང་ཞུགས་མཁན་སྡེ་ཁག་ཁག་གིས་ས་གནས་དེ་གའི་མང་ཚོགས་ལ་དཔེ་དེབ་དང་། སྒྲ་སྐྱེད་སྒྲིག་ཆས། སྒྲ་བརྙན་གྱི་དཔྱད་གཞིའི་རྒྱུ་ཆ། ལུས་སྦྱོང་ཡོ་བྱད་སོགས་རིག་གནས་དང་ལུས་རྩལ་གྱི་མཁོ་ཆས་ཞལ་འདེབས་བརྒྱབ་པ་དང་། སྨན་བཅོས་བརྟག་དཔྱད་དང་། ཁྲིམས་ལུགས་བློ་འདྲི་སོགས་གཤམ་སྐྱེལ་ཞབས་ཞུའི་བྱེད་སྒོ་སྤེལ་བ་མ་ཟད། ད་དུང་དཀའ་ངལ་ཡོད་པའི་དགེ་རྒན་དང་། དཀའ་ངལ་ཡོད་པའི་བུད་མེད་སོགས་ལ་འབྲས་དང་། གྲོ་ཞིབ། སྣུམ། སྲིང་བལ་གྱི་སྟོད་ཐུང་སོགས་འཚོ་བའི་མཁོ་ཆས་སྤྲད་པ་རེད།

ཀུའེ་ཀྲོའུ་ཞིང་ཆེན་ཕིང་པག་རྫོང་མ་ལང་གྲོང་ཚོའི་དགུང་ལོ75ལ་སོན་པའི་མ་མཐའི་འཚོ་བའི་འགན་སྲུང་ཁོངས་གཏོགས་ཀྱི་ལོ་ཧྲེ་མའེ་ལ་གཤམ་སྐྱེལ་གསུམ་ཞེས་པའི་བྱེད་སྒོ་སྤེལ་བའི་ཉིན་དེར་ཀུའེ་ཀྲོའུ་ཞིང་ཆེན་བུད་མེད་མཉམ་འབྲེལ་ཚོགས་པས་སྤྲད་པའི་སྲིང་བལ་གྱི་སྟོད་ཐུང་དང་ཉལ་ཆས། བཟའ་སྣུམ། འཚམས་འདྲིའི་དངུལ་སོགས་དངོས་པོ་ལག་ཏུ་འབྱོར་དུས་ཁོང་གིས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས་གསར་འགོད་པར། དགུན་དུས་གྲང་ངར་ཆེ་ཤོས་སྐབས་སུ་བུད་མེད་མཉམ་འབྲེལ་ཚོགས་པས་ཁྱིམ་གྱི་སྒོ་ཁར་དྲོ་སྐྱིད་སྐྱེལ་བ་ཚོར་བྱུང་ལ། སེམས་ནང་དྲོ་སོབ་སོབ་ཀྱི་ཚོར་བ་བྱུང་ཞེས་གསུངས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་སྤེལ་འགོ་བཙུགས་རྗེས་ས་གནས་ཁག་གི་འབྲེལ་ཡོད་སྡེ་ཁག་ནས་ཡན་ལག་རུ་ཁག་སྒྲིག་འཛུགས་བྱས་ཏེ། གྲོང་གསེབ་ཏུ་གཤམ་སྐྱེལ་གསུམ་གྱི་བྱེད་སྒོ་སྤེལ་བར་བསྐྱོད་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག