མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དངུལ་ཁང་གི་ཁ་ཤོག་སྤྱོད་པའི་འགྲོ་ལུགས་གླ་རིན་ཚད་ལྡན་ལེགས་སྒྲིག་གི་ཇུས་གཞི་ཞེས་པ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ1པོའི་ཚེས21ཉིན་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གིས་དངུལ་ཁང་གི་ཁ་ཤོག་སྤྱོད་པའི་འགྲོ་ལུགས་གླ་རིན་ཚད་ལྡན་ལེགས་སྒྲིག་གི་ཇུས་གཞི་ཞེས་པ་བཏོན་པ་དང་། ཇུས་གཞི་གསར་པ་དེར་གཞིགས་ན། བཟའ་བཏུང་ལས་རིགས་དང་། ཚོང་ཟོག་སྣེ་མང་ཚོང་ཁང་། སྒོ་རྩིས་ཚོང་ཁང་སོགས་ཀྱིས་ཁ་ཤོག་འཕྲུལ་ཆས་སྤྱད་པའི་ཞབས་ཞུའི་གླ་རིན་ཁག་སོ་སོར35.7%དང་། 21.4%། 25.7%བཅས་གཅོག་རྒྱུ་དང་། དེ་དག་དང་འབྲེལ་བའི་རྩིས་རྒྱག་སྒྲིག་འཛུགས་དྲ་བའི་ཞབས་ཞུའི་གླ་རིན་ཁག་སོ་སོར35%དང་། 20%། 20%བཅས་བཅག་ཡོད་པ་རེད།

ཁ་ཤོག་སྤྱོད་པའི་འགྲོ་ལུགས་གླ་རིན་དམའ་རུ་བཏང་བ་དེ་ནི་ཁེ་ལས་ཅན་འབྲིང་ཆུང་གི་དཔྱ་ཁྲལ་ཆག་ཡངས་གཏོང་བ་དང་འདྲ་བར། མཐར་ཐུག་དེའི་ཁྲོད་ནས་འཛད་སྤྱོད་པར་ཕན་ཐོག་གི་ཡོད་པ་རེད།

པེ་ཅིན་གྲོང་ཁྱེར་དུ་ཟ་ཁང་གཉེར་བའི་སྦྱིན་བདག་ལིའི་ལགས་ནས་གསར་འགོད་པར་གསུངས་པར། ད་ལྟ་ཁ་ཤོག་སྤྱོད་མཁན་ཇེ་མང་དུ་འགྲོ་བ་དང་། ང་ཚོས་དངུལ་ཁང་ལ་སྤྲོད་པའི་ཞབས་ཞུའི་གླ་རིན་གྱི་ཁུར་པོ་ཡང་ཇེ་ལྕིར་འགྲོ་བ་དང་། ཁ་ཤོག་སྤྱོད་ཆས་མ་སྒྲིག་ན་ཚོང་གི་གོ་སྐབས་མང་པོ་ཤོར་བ་དང་། གལ་སྲིད་དེ་སྒྲིག་ན་ཁེ་སྤོགས་ཉུང་དུ་འགྲོ་གི་འདུག ད་ཐེངས་འགྲོ་ལུགས་གླ་རིན་བཅག་པ་དེ་ནི་སྐམ་ཐོག་ཏུ་ཆར་པ་བབ་པ་ལྟ་བུ་བྱུང་ཞེས་གསུངས་འདུག

སྦྱིན་བདག་ལིའི་ལགས་ནས། དེ་སྔ་འགྲོ་ལུགས་གླ་རིན2%སྤྲོད་དགོས་པ་དང་། ད་ཆ1.25%བར་བཅག་ཡོད། བཅག་ཚད་དེ་ཆུང་ཆུང་ལྟར་སྣང་ཡང་། ཟླ་བ་རེར་ང་ཚོའི་འགྲོ་གྲོན་སྒོར7000ཙམ་གྲོན་ཆུང་ཐུབ་ཀྱི་ཡོད་ཅེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག