མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནོར་སྲིད་ཀྱི་སྙོམས་སྒྲིག་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུར་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱ་དགོས།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-23 10:38

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་ཀྲང་ཤེ་ཞུས་རན་གྱིས་ཉིན་ཤས་གོང་པུའུ་ཀྲང་གཞུང་ལས་ཁང་གི་གྲོས་ཚོགས་འཚོགས་སྐབས། ནོར་སྲིད་ཐད་ཀྱི་སྙོམས་སྒྲིག་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུར་ཤུགས་སྣོན་གྱིས། དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱ་དགོས་ཞེས་ནན་སྟོན་གནང་བ་མ་ཟད། དགོས་ངེས་ཀྱི་ནོར་སྲིད་གཏོང་སྒོའི་གཞི་ཁྱོན་རྒྱུན་འཁྱོངས་ཀྱིས། དཔལ་འབྱོར་འཕར་སྣོན་ལ་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་འགན་སྲུང་བྱ་དགོས་ཞེས་གསུངས་འདུག

རིགས་གཅིག་མཁས་པས། དགོས་ངེས་ཀྱི་ནོར་སྲིད་གཏོང་སྒོའི་གཞི་ཁྱོན་རྒྱུན་འཁྱོངས་བྱ་དགོས་ཞེས་པ་དེའི་ཐོག་ནས་ནོར་སྲིད་གཏོང་སྒོ་དེ་ད་དུང་ན་ནིང་གི་རྨང་གཞིའི་ཐོག དུས་མཚུངས་ཀྱི་འཕར་སྣོན་མྱུར་ཚད་ངེས་ཅན་ཞིག་རྒྱུན་འཁྱོངས་བྱ་དགོས་པ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་བསྐྲུན་དང་། དམངས་གཙོའི་བྱ་གཞག་སོགས་ཐད་ཀྱི་གཙོ་གནད་གཏོང་སྒོ་འགན་སྲུང་བྱ་དགོས་པ་མཚོན་གྱི་ཡོད་ཅེས་བསྟན་འདུག

ནོར་སྲིད་པུའུ་ཡི་ནོར་སྲིད་ཚན་རིག་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ལེའུ་ཧྲང་ཤི་ཡིས། དགོས་ངེས་ཀྱི་ནོར་སྲིད་གཏོང་སྒོའི་གཞི་ཁྱོན་རྒྱུན་འཁྱོངས་བྱ་དགོས་ཞེས་པ་དེའི་ཐོག་ནས། ནོར་སྲིད་གཏོང་སྒོའི་ཐད་ན་ནིང་གི་རྨང་གཞིའི་ཐོག དུས་མཚུངས་ཀྱི་འཕར་སྣོན་མྱུར་ཚད་ངེས་ཅན་ཞིག་རྒྱུན་འཁྱོངས་བྱ་དགོས་པ་དང་། མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་སྤྱི་ཚོགས་རང་བཞིན་གྱི་གཏོང་སྒོའི་ཤུགས་ཚད། དཔེར་ན། སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་བཅོལ། ཞིང་གསུམ། འགན་སྲུང་སྡོད་ཁང་སོགས་ཀྱི་ཤུགས་ཚད་ཆུང་དུ་གཏོང་རྒྱུ་མིན་པ་མཚོན་གྱི་ཡོད་ཅེས་གསུངས་འདུག

ལེའུ་ཧྲང་ཤི་ཡིས། གོང་དུ་ཞུས་པའི་ནོར་སྲིད་ཀྱི་གཏོང་སྒོ་མང་ཆེ་བ་ནི་རྒྱུན་འཁྱོངས་བྱ་རྒྱུ་དེ་ཡིན་པ་ལས་མང་དུ་གཏོང་རྒྱུ་མིན། སྤྱི་ལོ་2013ལོར་རྒྱ་བསྐྱེད་རང་བཞིན་གྱི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱ་རྒྱུ་མིན་པ་དང་། གཞི་ཁྱོན་ཆེ་བའི་མ་འཇོག་འཆར་གཞིར་བརྟེན་ནས་དཔལ་འབྱོར་ལ་སྐུལ་འདེད་མ་བཏང་བར། མང་ཆེ་བ་གྲུབ་གཞིའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡངས་གཏོང་བ། དཔེར་ན། ལས་གཉེར་དཔྱ་ཁྲལ་བསྡུ་རྒྱུ་དེ་རིམ་འཕར་དཔྱ་ཁྲལ་བསྡུ་རྒྱུར་བསྒྱུར་བ་དང་། ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཟུར་སྐྱོར་བྱེད་པ་སོགས་ཀྱི་ནོར་སྲིད་བྱ་ཐབས་ལ་བརྟེན་ནས་དཔལ་འབྱོར་གྱི་གསོན་ཤུགས་སྐུལ་སློང་བྱ་རྒྱུ་རེད་ཅེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག