མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་མགོ་འཛིན་མཛད་དེ་ཀྲུང་དབྱང་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ།

རྩོམ་པ་པོ། ལོ་ཙཱ་བ། ཞའོ་ཡན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-01-19 11:06

ཟླ1པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིག་ཡུན་ཧྲན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གིས་ཟླ1པའི་ཚེས18ཉིན་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། ད་ལོའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིག་ཡུན་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ཏིན་ཞོ་ཕེན་གྱི་རིགས་གཞུང་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་རྒྱུ་གཙོ་བོར་འཛིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་འཛུགས་སྐྲུན་བྱེད་རྒྱུ་གཞི་རྩར་བཟུང་སྟེ། བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་ནས། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་སྐུལ་སློང་བྱས་ཏེ་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་བ་བརྩོན་ལེན་བྱེད་པར་འབད་འཐབ་བྱེད་དགོས་ཞེས་ནན་གྱིས་གསུངས།

    ལིག་ཡུན་ཧྲན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དྲུག་པའི་ཚུན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་ནས་བླངས་པའི་གྲུབ་འབྲས་མངོན་གསལ་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་གསུངས་རྒྱུར། གནས་བབ་གསར་བའི་འོག་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བ་བཟང་བོར་བསྒྲུབ་དགོས་ན། ངེས་པར་དུ་གཞི་རྩ་འཛིན་པ་དང་གནད་ཆེ་ས་འབུར་དུ་ཐོན་པར་བྱས་ཏེ། རྨང་གཞིའི་བྱ་བ་དང་ཡུན་རིང་ལ་ཕན་པའི་བྱ་བ་མང་པོ་བསྒྲུབ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཕྱོགས་གཉིས་ནས་འཛིན་པའི་བྱེད་ཕྱོགས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། མགོ་ཁྲིད་སྒྲིག་གཞི་དང་བྱ་བའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་ཡོངས་མཉམ་དུ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་ཁྲོད་ཞུགས་པ་དང་མཉམ་དུ་བྱ་བ་དེ་བཟང་བོར་བསྒྲུབ་པའི་རྣམ་པ་ཆགས་པར་བྱེད་དགོས་ཟེར།   །