ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་གོང་འཕེལ་ཕྱིན་པ་དེས་ལས་ཞུགས་ཀྱི་གོ་སྐབས་གསར་པ་བཏོད་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རང་རྒྱལ་གྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་མགྱོགས་མྱུར་གོང་འཕེལ་ཕྱིན་པ་དེས་ཐོན་ལས་གྲངས་འཛིན་ཅན་གྱི་བརྗེ་སྒྱུར་ལ་སྐུལ་འདེད་བཏང་བ་མ་ཟད། ལས་ཞུགས་ཀྱི་གོ་སྐབས་གསར་པ་ཡང་བཏོད་ཡོད་པས། ལས་རིགས་གསར་པ་ཁག་ཅིག་ལག་རྩལ་གསར་པ་འགག་གཏོར་བྱུང་བ་དང་བསྟུན་ནས་གོང་འཕེལ་འགྲོ་མགོ་བརྩམས་ཡོད།

ཉེ་དུས། ཧོ་ཧྥེ་གྲོང་ཁྱེར་གྱི་ཁྲོམ་ལམ་ཆེ་ཆུང་གང་སར། ཁ་ལོ་བ་མེད་པའི་རླངས་འཁོར་གྱི་ས་བཀྲ་འབྲི་མཁན་ཀའོ་ཐེན་ལའེ་དང་ལིའུ་ཧའེ་ལུང་གིས་ས་བཀྲ་ཆེ་ཆུང་སྣ་ཚོགས་འཚོལ་བསྡུ་བྱས་ནས།  ས་བཀྲ་ཞིབ་ཚགས་ཅན་བཟོ་བར་གཞི་རྩའི་གྲངས་གཞི་མཁོ་འདོན་བྱས་ཡོད། ས་བཀྲ་འབྲི་བའི་རླངས་འཁོར་འཛུལ་ཐབས་བྲལ་བའི་ས་ཆར། ཁོང་ཚོས་རེས་མོས་ངང་ལྗིད་ཚད་ལ་རྒྱ་མ30ལྷག་ཡོད་པའི་སྒྲིག་ཆས་ཁུར་ནས། རྐང་འཁོར་བཞོན་ནས་ལས་ཀ་བྱེད་ཀྱིན་ཡོད།

རང་རྒྱལ་གྱི་ཁ་ལོ་བ་མེད་པའི་ལག་རྩལ་མགྱོགས་མྱུར་གོང་འཕེལ་ཕྱིན་པ་དང་བསྟུན། ས་བཀྲ་འབྲི་མཁན་དང་། གྲངས་གཞི་འགོད་མཁན་སོགས་ཀྱི་ལས་རིགས་གསར་པ་གཅིག་མཇུག་གཉིས་མཐུད་ངང་ཐོན་ནས། ཀའོ་ཐེན་ལའེ་སོགས་དང་འདྲ་བའི་ན་གཞོན་མང་པོར་ལས་གནས་གསར་པ་མཁོ་འདོན་བྱས་ཡོད།

ཉེ་ལམ་ལོ་ཤས་རིང་། མི་བཟོས་རིག་ནུས་དང་དྲ་སྦྲེལ་དེ་བཞིན་གྲངས་གཞི་ཆེན་པོ་བཅས་ལ་རྒྱུན་མཐུད་ཤུགས་སྣོན་པའི་དབང་གིས། ངལ་རྩོལ་པའི་ལས་རིགས་ཀྱི་རྣམ་པ་དང་སྣེ་རིགས་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། མི་བཟོས་རིག་ནུས་རྩལ་སློབ་མཁན་དང་། གྲངས་འཛིན་མཚེ་སྐྱེས་ཉེར་སྤྱོད་ལག་རྩལ་པ། ཚོང་དོན་གྲངས་གཞི་དབྱེ་ཞིབ་པ་སོགས་ལས་རིགས་གསར་པ་ཟམ་མི་ཆད་པར་ཐོན་ཞིང་། ལས་རིགས་གསར་པ་དེ་དག་གིས་ཀྱང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་ཡོད།

ཐེན་ཅིན་གྲུ་ཁའི་གོ་ལ་ཧྲིལ་པོའི་རིག་ལྡན་ཐཱན་མེད་གྲུ་ཁ་དང་པོར། རིང་ཚད་ལ་སྨི་15.6ཡོད་པའི་ཁ་ལོ་བ་མེད་པའི་སྐྱེལ་འདྲེན་འཕྲུལ་མི་92ཀྱིས་དོས་སྒམ་དབོར་འདྲེན་གྱི་འགན་འཁུར་བཞིན་ཡོད་པ་དང་། འཕྲུལ་མི་དེ་ཚོས་རང་རྐྱ་འཕེལ་བའི་ངང་འགྲོ་སྐྱོད་དང་། ཁ་ལོ་སྒྱུར་བ་སོགས་བྱེད་ཤེས་པ་མ་ཟད། འགྲོ་སྐྱོད་བྱེད་ཐེངས་རེར་ཉེ་འཁོར་གྱི་སྒྲིག་ཆས་དང་ཆ་འཕྲིལ་སྤེལ་རེས་ཐེངས་བརྒྱ་ལྷག་བྱེད་ཐུབ། ཧྥན་ཁྲུན་ཆི་ནི་རིག་ལྡན་གྲུ་ཁ་འདིའི་མ་ལག་ལེགས་སྒྲིག་དབུ་ཆེན་ཁག་དང་པོའི་གྲས་རེད།

ཧྥན་ཁྲུན་ཆི་ཡིས་གྲངས་གཞི་ཆེན་པོར་བརྟེན་ནས་རྩི་ཐབས་ལེགས་འགྱུར་ཟམ་མི་ཆད་པ་བྱས་པ་དང་། དབོར་འདྲེན་འཕྲུལ་མིའི་འགྲོ་སྐྱོད་ལམ་ཐིག་ཇེ་ལེགས་སུ་བཏང་ནས། རླངས་འཁོར་གྱི་བར་ཐག་དེ་སྔའི་སྨི12ནས་སྨི6བར་ཐུང་དུ་བཏང་ཡོད་པ་དང་། ལོ་རེའི་འདོན་འཇུག་བྱེད་ཚད་དོས་སྒམ་ཁྲི200ལྷག་ཟིན་པའི་རིག་ལྡན་གྲུ་ཁ་ལས་ཕྱོད་མཐོ་པོའི་སྒོ་ནས་འཁོར་རྒྱུག་ཐུབ་རྒྱུ་འགན་ལེན་བྱས་ཡོད།

ཉེ་དུས།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུས་ལས་རིགས་གསར་པའི་ཆ་འཕྲིན་ཁག་དྲུག་པ་ཡོངས་བསྒྲགས་བྱས་ཡོད་པ་དང་། ལས་རིགས་གསར་པ་དང་ལས་རྣམ་གསར་པ་དེ་དག་གྲངས་འཛིན་དཔལ་འབྱོར་གོང་འཕེལ་གྱི་དགོས་མཁོ་དང་། མི་ཐབས་རིག་ནུས། ཆ་འཕྲིན་ལག་རྩལ་སོགས་ཁྱབ་ཁོངས་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། དེའི་ཁྲོད་གྲངས་འཛིན་ལས་རིགས་ཀྱིས་ཕྱེད་ཀ་ཙམ་བཟུང་ཡོད། ད་ལོ། རྒྱལ་ཁབ་ཀྱི་ཚན་པ་དགུས་ཀྱང་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱས་པ་དང་།  གྲངས་འཛིན་ཤེས་ལྡན་མི་སྣ་གསོ་སྐྱོང་ཇེ་མགྱོགས་སུ་བཏང་ནས་གྲངས་འཛིན་དཔལ་འབྱོར་གོང་འཕེལ་ལ་འདེགས་སྐྱོར་བྱས་ཡོད། །

 
རྩོམ་སྒྲིག་པ། : 才让东珠