ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་བཟོ་སྐྲུན་གླིང་བཙུགས་ནས་ལོ་འཁོར30ལོན་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་བཟོ་སྐྲུན་གླིང་བཙུགས་ནས་ལོ་འཁོར30ལོན་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། སློབ་གླིང་ཡོངས་ཀྱི་ཡོན་ཧྲི་དང་རྒྱ་ཆེའི་བཟོ་སྐྲུན་ཚན་རྩལ་བྱ་བ་སྒྲུབ་མཁན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་གནང་།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་བསྟན་དོན། ལོ་ངོ30ཡི་རིང་ལ། ཏང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོ་བཟོ་སྐྲུན་གླིང་གིས་ཡོན་ཧྲི་དང་རྒྱ་ཆེའི་བཟོ་སྐྲུན་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་མཐུན་སྒྲིལ་དང་གཅིག་བསྡུས་བྱས་ཏེ། བཟོ་གྲྭའི་ཚན་རྩལ་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས་ཚན་རྩལ་གྱི་དཀའ་གནད་རྒྱུན་ཆད་མེད་པར་སེལ་བ་དང་། རྒྱལ་ཁབ་ཆེན་པོའི་བཟོ་སྐྲུན་འཛུགས་སྐྲུན་དང་རྒྱལ་ཁབ་ཀྱི་གལ་ཆེའི་མཆོག་ནོར་བསྐྲུན་ནས། རང་རྒྱལ་གྱི་བཟོ་སྐྲུན་ཚན་རྩལ་གསར་གཏོད་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བཟོ་སྐྲུན་ཚན་རྩལ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་རེད། ཀྲུང་གོ་བཟོ་སྐྲུན་གླིང་གིས་མགོ་རྩོམ་ས་གསར་པའི་སྟེང་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་ནུས་པ་འདོན་སྤེལ་དང་། ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་བ། བཟོ་སྐྲུན་ཚན་རྩལ་གསར་གཏོད་ལ་སྣེ་ཁྲིད་བཅས་བྱས་ཏེ་འགག་རྩའི་ལྟེ་བའི་ལག་རྩལ་ཐད་མྱུར་དུ་མཁྲེགས་གཏོར་བྱེད་པ་དང་། རྒྱལ་ཁབ་ཀྱི་རྩེར་སོན་རིག་མཛོད་ཀྱི་འགན་ནུས་ཇེ་ཆེར་གཏོང་བ་བཅས་བྱས་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་དང་། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གསར་དུ་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་རྒྱུའི་རེ་བ་ཡོད།

ཚེས3ཉིན་གྱི་སྔ་དྲོ། ཀྲུང་གོ་བཟོ་སྐྲུན་གླིང་གིས་པེ་ཅིན་དུ“བཟོ་སྐྲུན་ཚན་རྩལ་གྱི་འགན་འཁྲི་ལག་བསྟར་བྱས་ནས།  ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི”ཡོན་ཧྲིའི་བཞུགས་མོལ་གྲོས་ཚོགས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་གྲོས་ཚོགས་སུ་ཞུགས་ནས་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་འདོན་བྱས་པར་མ་ཟད་གསུང་བཤད་གནང་།

ཏིན་ཞུའེ་ཞང་གིས་གསུང་བཤད་གནང་སྐབས་བསྟན་དོན། ཀྲུང་གོ་བཟོ་སྐྲུན་གླིང་བཙུགས་ནས་ལོ་འཁོར30ལོན་པའི་རིང་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ནས། བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ།  ཕུལ་བྱུང་གསར་གཏོད་ཤེས་ལྡན་མི་སྣ་གཅིག་བསྡུས་བྱས་པ་དང་།  ཕུལ་དུ་བྱུང་བའི་ཚན་རྩལ་གྲུབ་འབྲས་བླངས་ལ།  ཕུལ་དུ་བྱུང་བའི་བློ་འདོན་ཇུས་འདོན་བྱས་པ་དང་།  ཕུལ་བྱུང་རིག་གཞུང་སྟེགས་བུ་བཏོན་ནས། རྒྱལ་ཁབ་དར་རྒྱས་གོང་འཕེལ་དུ་གཏོང་བར་ནུས་པ་གལ་ཆེན་བཏོན་ཡོད།

ཏིན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་བགྲོད་ལམ་གསར་པའི་སྟེང་། ཀྲུང་གོ་བཟོ་སྐྲུན་གླིང་གིས་སློབ་གླིང་འཛུགས་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་པར་བྱས་ནས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་བྱ་ཆེད་འབད་འཐབ་བྱེད་པའི་བརྒྱུད་རིམ་ཁྲོད་གདོང་ལེན་པ་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་སྣེ་ཁྲིད་མཁན་བྱས་ཏེ། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཐབ་ཇུས་གོ་སྐབས་དམ་འཛིན་ནན་མོ་བྱས་ནས་ཚན་རྩལ་གྱི་མཐོ་གནོན་བཙན་ས་ཧུར་ཐག་གིས་འཛིན་དགོས། བཟོ་སྐྲུན་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་མཁན་བྱས་ནས་བཟོ་སྐྲུན་ཚན་རྩལ་གྱི་གནད་དོན་གལ་ཆེན་ཐག་གཅོད་ཡག་པོ་བྱས་ཏེ། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཐོན་ལས་ཅན་དུ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་ཞབས་འདེགས་ཞུ་དགོས། འགག་རྩའི་ལྟེ་བའི་ལག་རྩལ་ཐད་མཁྲེགས་གཏོར་བྱེད་པའི་སྣེ་ཁྲིད་མཁན་བྱས་ཏེ། རྒྱལ་ཁབ་ཀྱི་དགོས་མཁོ་དང་ཡུན་རིང་གི་དགོས་མཁོ་གཞིར་བཟུང་ནས། གནད་འགག་ལག་རྩལ་གྱི་མཁྲེགས་གཏོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ་ཁྱབ་ཁོངས་གལ་ཆེན་དུ་གསར་གཏོད་རང་བཞིན་གྱི་མཁྲེགས་གཏོར་སྔར་ལས་ཆེན་པོ་བྱེད་པར་བརྩོན་ལེན་བྱ་དགོས། རྒྱལ་ཁབ་ཀྱི་རྩེར་སོན་རིག་མཛོད་འཛུགས་སྐྲུན་གྱི་སྣེ་ཁྲིད་མཁན་བྱས་ཏེ་འཐབ་ཇུས་རང་བཞིན་དང་ཁ་ཕྱོགས་རང་བཞིན། ཁྱོན་ཡོངས་རང་བཞིན་ལྡན་པའི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་ནས། རྒྱང་ལྟའི་རང་བཞིན་དང་དམིགས་སའི་རང་བཞིན། གསོག་འཇོག་རང་བཞིན་བཅས་ཀྱི་འཐབ་ཇུས་ཞིབ་འཇུག་ལ་ཤུགས་བསྣན་ཏེ་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་ལ་འདེགས་སྐྱོར་བྱ་དགོས། ཏེན་ཞུའེ་ཞང་གིས་རྒྱ་ཆེའི་བཟོ་སྐྲུན་གླིང་གི་ཡོན་ཧྲིས་སྣེ་ཁྲིད་དེ་ཚན་རིག་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། མི་ཚེའི་ཕུགས་བསམ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ཁྲོད་འདྲེས་པར་བྱས་ཏེ། རྒྱལ་གཅེས་ཀྱི་འདུ་ཤེས་ཟབ་མོ་བཅངས་ནས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འདུན་པ་ལྡན་པ་དང་། ཚན་རྩལ་གྱི་མཐོ་རླབས་ལ་དཔའ་ངར་ཆེན་པོས་སྙེག་ནས་ཏང་དང་མི་དམངས་ཀྱི་རེ་འདུན་སྟོང་ཟད་དུ་མི་གཏོང་རྒྱུའི་ཐུགས་རེ་བཏོན།

བཞུགས་མོལ་ཚོགས་འདུའི་སྟེང་། ཀྲུང་གོ་བཟོ་སྐྲུན་གླིང་གི་འགན་ཁུར་པ་དང་ཡོན་ཧྲིའི་འཐུས་མིས་གཏམ་བཤད།

ཀྲུང་གོ་བཟོ་སྐྲུན་གླིང་ནི1994ལོའི་ཟླ6པའི་ཚེས3ཉིན་བཙུགས་པ་རེད། ལོ་ངོ30ཡི་རིང་ལ། ཀྲུང་གོ་བཟོ་སྐྲུན་གླིང་གིས་ཀྲུང་གོའི་བཟོ་སྐྲུན་ཚན་རྩལ་ལས་རིགས་ཀྱི་ཆེས་མཐོའི་རིག་གཞུང་སྒྲིག་གཞིའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱས་ནས་ཚན་རྩལ་གསར་གཏོད་དང་། ཤེས་ལྡན་མི་སྣར་གཅིག་བསྡུས་སྣེ་ཁྲིད་བྱེད་པ། རྩེར་སོན་རིག་མཛོད་འཛུགས་སྐྲུན་བྱེད་པ། རིག་གཞུང་སྣེ་ཁྲིད་རྒྱུན་འཁྱོངས་བཅས་བྱས་ཏེ་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་བླངས་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།