ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཝུའུ་ཚི་པའེ་ཁི་སི་ཐན་གྱི་ཕྱི་འབྲེལ་དཔོན་སའེ་དབྱི་ཏའོ་ཧྥུའུ་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ5པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་སྐབས་སུ་ཝུའུ་ཚི་པའེ་ཁི་སི་ཐན་གྱི་ཕྱི་འབྲེལ་དཔོན་སའེ་དབྱི་ཏའོ་ཧྥུའུ་ལ་ཐུག་འཕྲད་གནང་།

ཝང་དབྱི་ཡིས་བཤད་རྒྱུར། ད་ལོའི་ཟླ1པོར། ཙུང་ཐུང་སྨི་ཨར་ཅི་ཡུའེ་ཡེ་ཧྥུའུ་ཡིས་ཀྲུང་གོར་རྒྱལ་དོན་འཚམ་འདྲི་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཝུའུ་འབྲེལ་བར་འཐབ་ཇུས་འཆར་འགོད་བཏོན་ནས། འབད་འཐབ་དམིགས་འབེན་གསར་བ་གཏན་ཁེལ་བྱས་ཡོད་པ་སྟེ། དེ་ནི་ཀྲུང་ཝུའུ་དུས་རབས་གསར་པའི་དུས་ཀུན་ཅན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་རྨང་གཞིའི་སྟེང་ཀྲུང་ཝུའུ་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དེ་ཡིན་ལ། ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་སྐྱོར་བྱས་ཏེ། རང་སོ་སོས་འཕེལ་རྒྱས་གོང་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ་རེད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བྱས་ཏེ། མུ་མཐུད་དུ་ཆབ་སྲིད་ཡིད་རྟོན་སྲ་བརྟན་དང་ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་དུ་བཏང་ནས། ཀྲུང་ཝུའུ་འབྲེལ་བས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་ཝུའུ་འབྲེལ་བའི་ཆེས་གལ་ཆེ་བའི་ཁྱད་ཆོས་ནི་གཙོ་བདག་བར་གྱི་གཏིང་ཟབ་པའི་མཛའ་བརྩེ་དང་། ཆེས་གལ་ཆེ་བའི་སྒུལ་ཤུགས་ནི་གཙོ་བདག་གི་ཕྱི་འབྲེལ་གྱི་འཐབ་ཇུས་སྣེ་ཁྲིད་དེ་ཡིན། ཀྲུང་གོས་ཀྲུང་ཝུའུ་འབྲེལ་བའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་པ་དང་། གཙོ་བོ་ཕྱོགས་བཞི་ནས་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད་པ་སྟེ། གཅིག་ནི་མཐའ་གཅིག་ཏུ་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ་དང་། གཉིས་ནི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གསུམ་ནི་ཐུན་མོང་གི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ། བཞི་ནི་དུས་རབས་ཀྱི་མཛའ་བརྩེ་གཏིང་ཟབ་དུ་གཏོང་བ་དང་། མི་ཆོས་བརྗེ་རེས་དང་མི་སྣ་འགྲོ་འོང་། ས་གནས་དང་སྲིད་གཞུང་བཅས་བར་གྱི་བརྗེ་རེས་གཏིང་ཟབ་དུ་གཏོང་རྒྱུ་བཅས་ཡིན།

སའེ་དབྱི་ཏའོ་ཧྥུའུ་ཡིས་བསྟན་དོན། ཙུང་ཐུང་སྨི་ཨར་ཅི་ཡུའེ་ཡེ་ཧྥུའུ་ཡིས་ད་ལོའི་ཟླ1པོར་ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་གནང་བ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཝུའུ་ཀྲུང་མཉམ་ལས་ཐད་གལ་ཆེའི་སྣེ་ཁྲིད་གནང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལེའུ་གསར་བ་མགོ་བརྩམས་ཡོད། ཝུའུ་ཚི་པའེ་ཁི་སི་ཐན་གྱིས་ཀྲུང་གོ་དང་མཉམ་དུ་མཉམ་ལས་འཆར་འགོད་བཟོས་ནས་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། དངོས་ཡོད་བྱ་སྤྱོད་ཀྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དངོས་འབེབས་གང་ལེགས་བྱེད་འདོད་ཡོད། ཝུའུ་ཚི་པའེ་ཁི་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱས་ཏེ། ཀྲུང་གོས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པའི་ཧུར་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། གལ་ཆེའི་གནད་དོན་མཐའ་དག་ཐད་ནས་ཀྲུང་གོ་དང་མཉམ་དུ་ལངས་ཏེ། ཕན་ཚུན་རྒྱབ་སྐྱོར་དང་ཕྱར་བ་གྲུ་འདེགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དུས་ཀུན་ཅན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཝུའུ་ཚི་པའེ་ཁི་སི་ཐན་གྱིས་ཀྲུང་གོའི་འཕེལ་རྒྱས་གོང་སྤེལ་དེ་ཝུའུ་ཚི་པའེ་ཁི་སི་ཐན་གྱི་རྒྱལ་ཁབ་ཁེ་ཕན་དང་མཐུན་པར་འདོད་ལ། ཀྲུང་གོས་རྒྱལ་སྤྱི་དང་ས་ཁུལ་ལས་དོན་ཁྲོད་སྔར་ལས་ཆེ་བའི་བྱེད་ནུས་འདོན་སྤེལ་བྱས་པར་དགའ་སྤྲོ་སྐྱེས་བཞིན་ཡོད་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་རང་བཞིན་གྱི་གྲོས་གཞི་མཐའ་དག་ལ་རྒྱབ་སྐྱོར་བྱས་ཏེ། ཀྲུང་གོ་དང་དཔུང་བ་མཉམ་གཤིབ་དང་ཕན་ཚུན་རྒྱབ་རྟེན་དུ་བྱས་ཏེ། རྒྱལ་སྤྱིའི་མཐུན་སྦྱོར་དམ་ཟབ་དང་ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོང་བྱེད་འདོད་ཡོད།

ཕྱོགས་གཉིས་ཀྱིས་ད་རུང་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལམ་སྲོལ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། ཨ་ཧྥུའུ་ཧན་གནད་དོན་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།