ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཅི་ཨར་ཅི་སི་སི་ཐན་གྱི་ཕྱི་འབྲེལ་དཔོན་ཁུའུ་ལུའུ་པ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ5པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་སྐབས་སུ་ཅི་ཨར་ཅི་སི་སི་ཐན་གྱི་ཕྱི་འབྲེལ་དཔོན་ཁུའུ་ལུའུ་པ་ཡེ་ཧྥུའུ་ལ་ཐུག་འཕྲད་གནང་།

ཝང་དབྱི་ཡིས་བཤད་རྒྱུར། ཀྲུང་ཅི་མཛའ་བརྩེ་ཕ་བོང་བཞིན་དུ་བརྟན་པ་དང་། སྤུན་ཟླའི་མཛའ་བརྩེ་ནི་ཡུན་རིང་འགྱུར་མེད་ཡིན། ན་ནིང་གི་ཟླ5པར། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཀྲ་ཕ་ལའོ་ཧྥུའུ་ཡིས་ཞི་ཨན་དུ་བདེ་བླག་ངང་ཐུག་འཕྲད་གནང་ནས། ཐུན་མོང་ཐོག་ཀྲུང་ཅི་འབྲེལ་བ་དེ་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་མཐོ་ཚད་གསར་བར་རིམ་སྤར་བྱས་ཏེ། ཁྱིམ་མཚེས་མཛའ་མཐུན་དང་གོང་སྤེལ་མཉམ་སྤྱོད་ཀྱི་ཀྲུང་ཅི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་ཁྱབ་བསྒྲགས་བྱས་ཤིང་། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཁ་ཕྱོགས་གསར་བ་གཏན་ཁེལ་བྱས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་ཅི་འབྲེལ་བ་མགྱོགས་མྱུར་ངང་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་སོང་ལ། ཉོ་ཚོང་སྤྱི་འབོར་དང་ལྷག་པར་དུ་ཞིང་ལས་ཐོན་རྫས་དང་ནུས་ཁུངས་གསར་བའི་རླངས་འཁོར་ཉོ་ཚོང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ་དང་། ལས་གཞི་ཆེན་མོ་དང་བཟོ་འགོད་གསར་བ་སྐོར་ཞིག་བསྟུད་མར་ལག་བསྟར་བྱས་ཡོད། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དངོས་འབེབས་བྱས་ནས། ཀྲུང་ཅི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དམིགས་འབེན་དུ་བྱས་ཏེ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་འཛིན་ལུང་དུ་བཟུང་ནས། ཆབ་སྲིད་ཡིད་རྟོན་གཏིང་ཟབ་དང་གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དེ། དུས་རབས་ཀྱི་མཛའ་བརྩེ་རྒྱུན་བསྐྱངས་ནས་ཀྲུང་ཅི་འབྲེལ་བར་སྔར་ལས་ཕུན་སུམ་ཚོགས་པའི་དུས་རབས་ཀྱི་ནང་དོན་བསྩོལ་དགོས།

ཝང་དབྱི་ཡིས་བསྟན་དོན། ལོ་ངོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ལ་ཁ་གཏད་དེ། ཀྲུང་ཅི་ཡིས་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ། ཕན་ཚུན་འཕེལ་རྒྱས་གོང་སྤེལ་གྱི་སྲ་བརྟན་འགྱུར་མེད་ཀྱི་རྒྱབ་རིར་འགྱུར་བར་བྱེད་དགོས། ཀྲུང་གོས་ཅི་ཨར་ཅི་སི་སི་ཐན་གྱིས་རྒྱལ་ཁབ་སྒེར་ཚུགས་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཅི་ཨར་ཅི་སི་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ནས་ཀྲུང་གོའི་ཐའེ་ཝན་ས་ཁུལ་གྱི་འདེམ་བསྐོའི་རྗེས་སུ་དེ་མ་ཐག་ཀྲུང་གོའི་ལངས་ཕྱོགས་ལ་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ་རྒྱུ་ཡིན། ཀྲུང་གོས་ཅི་ཨར་ཅི་སི་སི་ཐན་དང་མཉམ་དུ་དཔལ་འབྱོར་ཉོ་ཚོང་མཉམ་ལས་རྒྱ་བསྐྱེད་དུ་བཏང་ནས། མཉམ་འབྲེལ་མཉམ་མཐུད་ཇེ་ཆེ་དང་མི་ཆོས་བརྗེ་རེས་དམ་ཟབ་དུ་གཏོང་བ་དང་། དོན་དངོས་བྱ་སྤྱོད་ཀྱིས་ཀྲུང་ཅི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་བྱེད་འདོད་ཡོད།

ཁུའུ་ལུའུ་པ་ཡེ་ཧྥུའུ་ཡིས་བསྟན་དོན། ཅི་ཀྲུང་འབྲེལ་བས་ཆུ་ཚད་མཐོ་བའི་འཕེལ་རྒྱས་སྲུང་འཛིན་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་མཛའ་བརྩེ་གཏིང་ཟབ་པ་དང་འབྲེལ་འདྲིས་དམ་ཟབ་ཡིན་པས། རིམ་པ་སོ་སོས་འགྲོ་འོང་ལེགས་པོ་རྒྱུན་འཁྱོངས་བྱས་ཡོད་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་གྲུབ་འབྲས་གཡུར་ཏུ་ཟ་བ་བླངས་ཡོད། ཅི་ཨར་ཅི་སི་སི་ཐན་གྱིས་ཀྲུང་གོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་ལ་མཐའ་གཅིག་ཏུ་བརྩི་སྲུང་བྱས་ཏེ། ཞིན་ཅང་དང་བོད་ལྗོངས། ཞང་ཀང་སོགས་གནད་དོན་ཐད་ནས་ཀྲུང་གོར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་དང་མཐོ་རིམ་འགྲོ་འོང་ལ་ཤུགས་བསྣན་ཏེ། ཉོ་ཚོང་གཞི་ཁྱོན་ཇེ་ཆེ་དང་མི་སྣའི་འགྲོ་འོང་དམ་ཟབ་དུ་བཏང་སྟེ། ཕྱོགས་མང་ལམ་སྲོལ་ཁྲོད་ཀྱི་མཐུན་སྦྱོར་གཏིང་ཟབ་དུ་བཏང་ནས་མཐའ་གཅིག་ཏུ་ཕན་ཚུན་ལ་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད།  ཅི་ཨར་ཅི་སི་སི་ཐན་གྱིས་ཀྲུང་གོའི་ཁེ་ལས་ཅི་ཨར་ཅི་སི་སི་ཐན་དུ་དངུལ་གཏོང་ལས་སྤེལ་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞིང་། དེར་སྔར་ལས་བདེ་འཇགས་སྟབས་བདེའི་ཁོར་ཡུག་བསྐྲུན་རྒྱུ་ཡིན། ཀྲུང་ཅི་ཝུའུ་ལྕགས་ལམ་ལ་འཐབ་ཇུས་དོན་སྙིང་གལ་ཆེན་ལྡན་པས། རྒྱལ་ཁབ་གསུམ་པོས་མགྱོགས་མྱུར་ངང་སྲིད་གཞུང་བར་གྱི་གྲོས་གཞིར་མིང་རྟགས་བཀོད་དེ། སྔ་མོ་ནས་ལྕགས་ལམ་འཛུགས་སྐྲུན་བྱེད་མགོ་རྩོམ་རྒྱུའི་རེ་བ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་གྲོས་གཞི་བཏོན་པ་དེས་དུས་རབས་ཀྱི་འབོད་སྒྲ་མཚོན་ཞིང་། ཅི་ཨར་ཅི་སི་སི་ཐན་གྱིས་ཀྲུང་གོ་དང་མཉམ་དུ་འདུ་ཤེས་གལ་ཆེན་འདི་དང་འཛམ་གླིང་གི་གྲོས་གཞི་ཆེན་མོ་གསུམ་ལག་བསྟར་བྱེད་འདོད་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།