ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཨུ་རུ་སུ་དཀར་པོའི་ཕྱི་འབྲེལ་དཔོན་ཨ་ལའེ་དབྱི་ཉི་ཁི་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ5པའི་ཚེས20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཕྱི་འབྲེལ་དཔོན་པོའི་གྲོས་ཚོགས་སྐབས་སུ་ཨུ་རུ་སུ་དཀར་པོའི་ཕྱི་འབྲེལ་དཔོན་ཨ་ལའེ་དབྱི་ཉི་ཁི་ལ་ཐུག་འཕྲད་གནང་།

ཝང་དབྱི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ལ་གནང་བའི་བྱམས་བརྩེའི་འཚམས་འདྲི་བརྒྱུད་སྒྲོག་བྱས་ཤིང་། ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ཨུ་རུ་སུ་དཀར་པོ་ཡོངས་ཀྱི་མི་དམངས་ཚོགས་ཆེན་གྱི་ཀྲུའུ་ཞིར་བདམས་པར་རྟེན་འབྲེལ་ཞུས། ཝང་དབྱི་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་གཏིང་ཟབ་པའི་མཛའ་བརྩེ་དང་འགྱུར་མེད་ཀྱི་ཡིད་རྟོན་བཙུགས་ལ། ཐུན་མོང་ཐོག་ཀྲུང་གོ་དང་ཨུ་རུ་སུ་དཀར་པོའི་འབྲེལ་བ་དེ་མགྱོགས་བགྲོད་ལམ་དུ་སྣེ་ཁྲིད་བྱས་ཡོད། 2022ལོར། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་ཀུན་ཅན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤར་བྱས་ཤིང་། ཕན་ཚུན་རང་སོ་སོའི་ཕྱི་འབྲེལ་ཁྲོད་གལ་ཆེའི་གོ་གནས་སུ་བཞག་ཡོད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ན་ནིང་ཐེངས་གཉིས་ལ་ཐུག་འཕྲད་གནང་ནས། དུས་རབས་གསར་པའི་འཐབ་ཇུས་མཉམ་ལས་ཐད་འཆར་འགོད་དང་བཀོད་སྒྲིག་གནང་ཡོད། ཀྲུང་གོས་ཨུ་རུ་སུ་དཀར་པོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བྱས་ཏེ། ཕན་ཚུན་གྱི་ཆབ་སྲིད་རོགས་སྐྱོར་ཇེ་ཆེར་བཏང་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་གཏིང་ཟབ་དུ་གབཏོང་བ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་མུ་མཐུད་དུ་མཐུན་སྦྱོར་དམ་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་ཆབ་སྲིད་འབྲེལ་བ་དེ་སྤུས་ཚད་མཐོ་བའི་མཉམ་ལས་ཀྱི་གྲུབ་འབྲས་སུ་བསྒྱུར་ནས། སྔར་ལས་ལྷག་པར་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་གོང་སྤེལ་ལ་སྐུལ་འདེད་གང་ལེགས་གཏོང་འདོད་ཡོད། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོས་ཨུ་རུ་སུ་དཀར་པོས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱས་ཏེ། ཞིན་ཅང་དང་བོད་ལྗོངས། ཞང་ཀང་སོགས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ནས་ཀྲུང་གོར་རྩ་ཆེའི་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུ་རྒྱུ་ཡིན། དེ་བཞིན་དུ་ཀྲུང་གོས་ཀྱང་ཨུ་རུ་སུ་དཀར་པོ་མི་དམངས་ཀྱིས་རང་བདག་གིས་བདམས་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པ་དང་། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་ཨུ་རུ་སུ་དཀར་པོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱས་ནས། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཁྲིམས་འགལ་ངང་ཕྱོགས་གཅིག་སྒེར་སྡོམ་ལ་ངོ་རྒོལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་དང་ཨུ་རུ་སུ་དཀར་པོས་རྒྱལ་སྤྱི་དང་ཕྱོགས་མང་སྟེགས་བུའི་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཤིང་། དེ་ཕྱོགས་གཉིས་ཀྱི་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་ཕན་པ་མ་ཟད། རྒྱལ་སྤྱི་འབྲེལ་བའི་གཞི་རྩའི་རྩ་དོན་དང་རྒྱལ་སྤྱིའི་དྲང་བདེན་འདྲ་མཉམ་ལ་སྲུང་སྐྱོབ་བྱེད་པར་ཕན་པ་ཡིན། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས། གསེར་གྱོམ་རྒྱལ་ཁབ་སོགས་རྒྱལ་སྤྱི་ས་ཁུལ་ལམ་སྲོལ་ཁྲོད་མཐུན་སྦྱོར་རོགས་ལས་ལ་ཤུགས་བསྣན་ཏེ། མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་གཞི་ཆེན་མོ་གསུམ་དངོས་འབེབས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་གོས་ཨུ་རུ་སུ་དཀར་པོ་དང་མཉམ་དུ་མུ་མཐུད་དུ་རྒྱབ་རྟེན་རུང་བའི་རོགས་ཟླ་དང་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་འདོད་ཡོད། 

ཨ་ལའེ་དབྱི་ཉི་ཁི་ཡིས་ཝང་དབྱི་ལ་ཙུང་ཐུང་ལུའུ་ཁ་ཧྲིན་ཁི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་གནང་བའི་ལྷག་བསམ་གྱི་འཚམས་འདྲི་བརྒྱུད་སྒྲོག་བྱེད་དུ་བཅུག་པ་དང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་ནི་མི་དམངས་ཡོངས་ཀྱི་རྒྱབ་སྐྱོར་བྱེད་པའི་གཙོ་འཛིན་ཡིན་པ་དང་། གཙོ་བདག་གི་ཕྱི་འབྲེལ་སྣེ་ཁྲིད་འོག ཨུ་རུ་སུ་དཀར་པོས་ཀྲུང་གོ་དང་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་ཡིད་རྟོན་བྱས་ཡོད་པས། འཐབ་ཇུས་རོགས་ཟླ་ཡིན་ལ། རྣོ་ལྕགས་ལྟ་བུའི་འགྱུར་མེད་ཀྱི་སྤུན་ཟླ་ཡིན། རྒྱལ་ཁབ་གཉིས་ཀྱིས་དུས་ཀུན་ཅན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་དེ་དུས་རབས་གསར་པའི་ཕྱོགས་གཉིས་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཨུ་རུ་སུ་དཀར་པོས་ཀྲུང་གོ་དང་མཉམ་དུ་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ཏེ། འཐབ་ཇུས་ཐད་ཕན་ཚུན་ཡིད་རྟོན་དང་ཆབ་སྲིད་ཐད་མཉམ་ལས། དཔལ་འབྱོར་ཐད་ཐུན་མོང་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་། འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་མཐུན་པ་ཡིན། ཕན་ཚུན་རྒྱབ་སྐྱོར་ནི་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཡིན་པས། ཨུ་རུ་སུ་དཀར་པོས་སྔ་སྲོལ་འགྱུར་མེད་དང་ཤུགས་ཆེན་པོས་ཀྲུང་གོས་ཐའེ་ཝན་དང་ཞིན་ཅང་། བོད་ལྗོངས་བཅས་དང་། ལྷོ་རྒྱ་མཚོ་སོགས་ཀྱི་གནད་དོན་ཐད་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཨུ་རུ་སུ་དཀར་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་གི་གྲོས་གཞི་ཆེན་མོ་གསུམ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། རྒྱུ་མཚན་ནི་འདི་ང་ཚོས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་ལྟ་སྟངས་དང་མཐུན་ཞིང་། དྲང་བདེན་རིམ་ལྡན་གྱི་སྣེ་མང་ཅན་ལ་སྐུལ་འདེད་གཏོང་བར་ཕན་པ་ཡིན། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།