ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དབྱི་ལང་གི་ཙུང་ཐུང་ལའེ་ཞི་ཐད་འཕུར་གནམ་གྲུའི་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བར་དབྱི་ལང་གི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧི་པའེ་ཨར་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5པའི་ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལའེ་ཞི་ཐད་འཕུར་གནམ་གྲུའི་དོན་རྐྱེན་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བར་དབྱི་ལང་གི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧི་པའེ་ཨར་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་། ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ལྷག་བསམ་རྣམ་དག་གིས་མྱ་ངན་ཞུས་པ་དང་། ཙུང་ཐུང་གཞོན་པ་དང་པོ་མུའུ་ཧི་པའེ་ཨར་དང་ཙུང་ཐུང་ལའེ་ཞིའི་ཁྱིམ་མི། དབྱི་ལང་སྲིད་གཞུང་དང་མི་དམངས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམ་འདྲི་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཙུང་ཐུང་ལའེ་ཞི་ཡིས་འགན་བཞེས་པའི་ཚུན། དབྱི་ལང་གི་བདེ་འཇགས་གཏན་འཇགས་སྲུང་སྐྱོབ་དང་རྒྱལ་ཁབ་འཕེལ་རྒྱས་གོང་སྤེལ་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་ལ། ཀྲུང་དབྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྲ་བརྟན་དང་གཏིང་ཟབ་དུ་གཏོང་བའི་ཐད་ལའང་དགེ་མཚན་ལྡན་པའི་འབད་བརྩོན་གནང་ཡོད། ཁོ་རང་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་ནི་དབྱི་ལང་མི་དམངས་ཀྱི་གྱོང་གུད་ཆེན་པོ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་ལ་མཚོན་ནའང་གྲོགས་པོ་བཟང་པོ་ཞིག་མེད་པར་གྱུར་བ་ཡིན། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་ཀྲུང་དབྱིའི་སྲོལ་རྒྱུན་མཛའ་བརྩེ་ལ་གཅེས་འཛིན་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཀྲུང་དབྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་དེ་མུ་མཐུད་དུ་སྲ་བརྟན་དང་འཕེལ་རྒྱས་འགྲོ་བར་ཡིད་ཆེས་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།