ཀྲུང་གོ་བོད་ཀྱི་དྲ་བ།

ཏིན་ཞུའེ་ཞང་གིས་རྒྱལ་ཡོངས་མཐོ་སློབ་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་ལས་སྐྲུན་བྱ་བའི་བརྙན་ལམ་ཚོགས་འདུའི་སྟེང་ཐབས་བརྒྱ་ཇུས་སྟོང་གིས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་སྤེལ་བྱས་ཏེ་ན་གཞོན་ལས་ཞུགས་ཀྱི་གནས་བབ་སྤྱིའི་ཆ་ནས་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པར་ནན་གྱིས་བསྟན།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་ལས་སྐྲུན་བྱ་བའི་བརྙན་ལམ་ཚོགས་འདུ་དེ་ཟླ5པའི་ཚེས14ཉིན་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་།

ཏིན་ཞུའེ་ཞང་གིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོ་སློབ་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་ལས་སྐྲུན་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྔར་ལས་ལྷག་པར་ལས་ཞུགས་ཀྱི་དམིགས་བསལ་ཁ་ཕྱོགས་འབུར་དུ་བཏོད་པ་དང་། ཐབས་བརྒྱ་ཇུས་སྟོང་གིས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ལ་སྐུལ་སྤེལ་བྱས་ཏེ་ན་གཞོན་ལས་ཞུགས་ཀྱི་གནས་བབ་སྤྱིའི་ཆ་ནས་གཏན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས།

ཏིན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། མུ་མཐུད་དུ་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་ཐབས་ལམ་འཚོལ་ཞིབ་དང་རྒྱ་བསྐྱེད་དུ་བཏང་སྟེ། ལས་གནས་གཏན་འཇགས་དང་གཞི་ཁྱོན་རྒྱ་བསྐྱེད་དུ་བཏང་ནས་མཐར་ཕྱིན་སློབ་མས་སྔ་མོ་ནས་ལས་ཞུགས་མངོན་འགྱུར་བྱེད་པར་རོགས་སྐྱོར་བྱེད་དགོས། སྔར་ལས་ལྷག་པར་ཚོང་ར་ཅན་གྱི་ལས་གནས་རྒྱ་བསྐྱེད་དེ། ལས་གནས་གཏན་འཇགས་ཀྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ་དང་། གཙོ་གནད་བཟོ་འགོད་དང་གཙོ་གནད་ལས་གཞི། གཙོ་གནད་ནང་མཁོ་རྒྱ་བསྐྱེད་བྱེད་ཐབས་དང་འབྲེལ་ནས་སྔར་ལས་མང་བའི་ལས་གནས་གསར་སྤེལ་བྱེད་དགོས། སྲིད་ཇུས་རང་བཞིན་གྱི་ལས་གནས་ཀྱི་མི་སྣ་བསྡུ་ལེན་གཏན་འཇགས་དང་ཇེ་མགྱོགས་སུ་བཏང་སྟེ། གཞི་ཁྱོན་ཐད་གང་ནུས་རྒྱ་བསྐྱེད་དང་དུས་ཚོད་སྟེང་གང་ནུས་ཀྱིས་སྔ་སྣུར་བྱས་ཏེ། སྲིད་ཇུས་རང་བཞིན་གྱི་ལས་གནས་ཀྱི་ཚུར་འགུག་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས། གཞི་རིམ་ཞབས་ཞུ་ལས་གཞི་རྩ་འཛུགས་དང་ལག་བསྟར་གང་ལེགས་བྱས་ཏེ། གྲོང་གསེབ་དར་སྤེལ་དང་སྤྱི་ཚོགས་ལས་དོན། རྒན་པར་ཞབས་ཞུ། འཕྲལ་བསྟུན་དོ་དམ་སོགས་ཐད་ཀྱི་གཞི་རིམ་ལས་ཞུགས་ལས་གནས་དེ་བས་གསར་སྤེལ་མང་པོ་བྱས་ནས་མཐར་ཕྱིན་སློབ་མ་གཞི་རིམ་དུ་སྐྱེས་འབུལ་ལས་བཏོད་བྱེད་པར་སྐུལ་ལྕག་བྱེད་དགོས།

ཏིན་ཞུའེ་ཞང་གིས་བསྟན་དོན། སེམས་ཤུགས་དང་བརྩེ་བ་ཟབ་མོས་ལས་ཞུགས་མཛུབ་སྟོན་རོགས་སྐྱོར་བྱ་བ་ལེགས་པོར་སྒྲུབ་དགོས། རྒྱུན་མཐུད་ངང་ལས་ཞུགས་འདུ་ཤེས་སློབ་གསོ་སྤེལ་ཏེ། མཐར་ཕྱིན་སློབ་མར་ཡང་དག་པའི་ལས་འདེམ་འདུ་ཤེས་དང་ལས་ཞུགས་འདུ་ཤེས་འཛུགས་པར་མཛུབ་སྟོན་བྱེད་དགོས། ལས་ཞུགས་ལས་སྐྲུན་གྱི་ཞབས་ཞུ་ལེགས་བཅོས་བྱས་ཏེ། ལས་ཞུགས་དངོས་སྦྱོང་དང་ལྟ་སྦྱོང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་སྐྲུན་སློབ་མར་མ་དངུལ་དཀོན་པ་དང་ལས་ཡུལ་དཀོན་པ། ཉམས་མྱོང་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་རོགས་བྱེད་དགོས། དབུལ་ཐར་ཁྱིམ་ཚང་དང་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་། ལས་ཞུགས་མེད་པའི་ཁྱིམ་ཚང་། དབང་བོ་སྐྱོན་ཅན་ཁྱིམ་ཚང་སོགས་དཀའ་ངལ་ཡོད་པའི་མཐར་ཕྱིན་སློབ་མའི་ཁྱུ་ཚོགས་ཀྱི་ལས་ཞུགས་ཚད་མཐའ་བརྟན་སྲུང་བྱེད་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ལས་ཞུགས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་འགུལ་ལ་རྡུང་རྡེག་ནན་མོ་གཏོང་བ་དང་། མཐར་ཕྱིན་སློབ་མའི་ཁྲིམས་མཐུན་ཁེ་དབང་ལ་དངོས་གནས་སྲུང་སྐྱོབ་བྱེད་དགོས། གསོ་སྦྱོང་མཁོ་སྤྲོད་མ་ལག་ལེགས་བཅོས་བྱས་ནས་འཇོན་མིའི་མཁོ་སྤྲོད་ཀྱི་ནུས་ལྡན་སྡེབ་སྒྲིག་ལ་སྐུལ་འདེད་གཏོང་དགོས།

ཏིན་ཞུའེ་ཞང་གིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། མཐོ་སློབ་སོ་སོས་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་ཏེ། འགན་འཁྲི་དངོས་འབེབས་ཇེ་དྲག་ཏུ་གཏོང་བ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཇེ་ཆེར་བཏང་སྟེ། ལྟ་སྐུལ་ཞིབ་བཤེར་ལ་དམ་འཛིན་བྱེད་པ་དང་། དྲིལ་སྒྲོག་སྣེ་ཁྲིད་ལེགས་པོར་སྒྲུབ་ནས་ད་ལོའི་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་ཀྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་སྡེ་ཁག་དང་འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་དམག་ཨུའི་འབྲེལ་ཡོད་སྡེ་ཁག པུའུ་ཨུའི་ཁོངས་གཏོགས་ཀྱི་པེ་ཅིན་མཐོ་སློབ་ཀྱི་འགན་ཁུར་བློ་མཐུན་གྱིས་ཚོགས་ར་གཙོ་བོའི་ཚོགས་འདུ་ལ་ཞུགས། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་དཔུང་གི་འགན་ཁུར་བློ་མཐུན་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་སོགས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་སློབ་གསོ་པུའུ། ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་། ཁྲུང་ཆིན་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཀྲུང་གོ་ཞིང་ལས་སློབ་ཆེན་གྱི་འགན་ཁུར་གཙོ་བོའི་བློ་མཐུན། མཐོ་སློབ་མཐར་ཕྱིན་སློབ་མའི་འཐུས་མིས་ཚོགས་འདུའི་སྟེང་གཏམ་བཤད་གནང་། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།