ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས2024ལོའི་འོས་འགན་སློབ་གསོའི་དུས་རིམ་གྱི“དམིགས་བསལ་ལས་གནས་འཆར་འགོད”ཀྱི་གདན་ཞུ་བྱ་བ་སྤེལ་མགོ་བརྩམས་པ།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་པ་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྔར་ལས་ལྷག་པར《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་དུས་རབས་གསར་པའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་བཅོས་སྒྱུར་གཏིང་ཟབ་བྱེད་པའི་སྐོར་གྱི་བསམ་འཆར》དངོས་འབེབས་བྱེད་པ། དུས་རབས་གསར་པའི་དགེ་རྒན་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་གཏོང་བ་བཅས་བྱ་ཆེད། སློབ་གསོ་པུའུ་གཞུང་སྒྲུབ་ཐིན་དང་ནོར་སྲིད་པུའུ་གཞུང་སྒྲུབ་ཐིན་གྱིས་ཉེ་ལམ་མཉམ་འབྲེལ་སྒོས《2024ལོའི་ཞིང་སྡེའི་འོས་འགན་སློབ་གསོའི་དུས་རིམ་སློབ་གྲྭའི་དགེ་རྒན་གྱི་དམིགས་བསལ་ལས་གནས་འཆར་གཞི་ལག་བསྟར་བྱེད་པའི་ལས་དོན་ལེགས་པོར་སྒྲུབ་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཤིང་། རྒྱལ་ཡོངས་སུ་འཆར་གཞི་ལྟར་ན་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཁྲི3.7བསྡུ་རྒྱུ་རེད།

《བརྡ་སྦྱོར》ལས། རྒྱུན་མཐུད་ངང་དམིིགས་བསལ་ལས་གནས་དགེ་རྒན་དཔུང་སྡེའི་སྒྲིག་གཞི་ལེགས་སྒྱུར་བྱསཏེ། 2024ལོའི“དམིགས་བསལ་ལས་གནས་འཆར་འགོད”ཀྱིས་སྔར་བཞིན་དབུས་ནུབ་རྒྱུད་ཞིང་ཆེན་ཁག་ལ་ཁ་ཕྱོགས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་དང་། གཙོ་བོ་སྔོན་ཆད་ཀྱི“ཆུས་གསུམ་དང་ཁུལ་གསུམ”དང་རྒྱལ་ཁབ་གྲོང་གསེབ་དར་སྤེལ་གཙོ་གནད་རོགས་སྐྱོར་རྫོང་། གྲངས་ཉུང་མི་རིགས་ས་ཁུལ་སོགས་ས་གནས་ལ་ཁ་ཕྱོགས་རྒྱུ་ཡིན་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་རྣམས་ཤང་སྡེའི་སློབ་གྲྭར་བསྐྱོད་དེ་དགེ་རྒན་བྱེད་པར་སྣེ་ཁྲིད་དང་སྐུལ་ལྕག་བྱས་ནས། སྔར་ལས་ལྷག་པར་ཀུན་སྤྱོད་དང་ཁྲིམས་སྐྱོང་། ལུས་རྩལ་དང་བདེ་ཐང་། ཕྱི་སྐད། ཚན་རིག། ངལ་རྩོལ། སྒྱུ་རྩལ། ཆ་འཕྲིན་ཚན་རྩལ། སེམས་ཁམས་བདེ་ཐང་། དམིགས་བསལ་སློབ་གསོ་སོགས་བསླབ་ཚན་དགེ་རྒན་དཀོན་པར་ཁ་གསབ་བྱ་རྒྱུ་དང་། ཆ་རྐྱེན་དང་འཚམ་པའི་དམག་ཁོངས་ནས་བུད་པའི་དམག་མི་སློབ་ཆུང་དུ་དགེ་རྒན་གྱི་ལས་ཀ་གཉེར་བར་རོགས་སྐྱོར་དང་སྐུལ་ལྕག་བྱས་ཏེ། ཕྱོགས་བསྡུས་དམག་ཞབས་ལོ་ཚད་སོགས་རྒྱུ་རྐྱེན་ལ་གཞིགས་ནས་དམག་ཁོངས་ནས་བུད་པའི་དམག་མིའི་ལོ་ཚོད་ཚད་བཀག་ཇེ་ལྷོད་དུ་གཏོང་རྒྱུ་ཡིན་པ་དང་། རྩེ་གྲ་གཉིསཀྱི་འཛུགས་སྐྲུན་བྱེད་པའི་མཐོ་སློབ་འཐུས་ཚབ་ཡིན་པའི་ཆུ་ཚད་མཐོ་བའི་མཐོ་རིམ་སློབ་གྲྭས་ཞིང་སྡེའི་སློབ་གྲྭར་ཕུལ་བྱུང་མཐོ་སློབ་མཐར་ཕྱིན་སློབ་མ་སྐྱེལ་འདྲེན་བྱེད་པར་སྐུལ་ལྕག་བྱེད་དགོས་པ་གསལ་བོར་བསྟན་ཡོད།

《བརྡ་སྦྱོར》ལས། ས་ཁུལ་སོ་སོས་གདན་ཞུའི་འགག་སྒོར་དངོས་གནས་དམ་འཛིན་བྱས་ཏེ། གདན་ཞུའི་ཆ་རྐྱེན་དང་བླང་བྱ་གཟབ་ནན་དུ་བཏང་སྟེ་དུས་ལྟར2024ལོའི་དམིགས་བསལ་ལས་གནས་དགེ་རྒན་གྱི་སྤྱི་བསྒྲགས་གདན་ཞུ་བྱ་བ་ལེགས་འགྲུབ་བྱེད་དགོས། མཐའ་ཁུལ་དཀའ་ངལ་ས་ཁུལ་དང་ཆེད་ལས་དཀོན་པའི་དམིགས་བསལ་ལས་གནས་ཀྱིས་དགེ་རྒན་གདན་ཞུ་བྱེད་པར་དོན་དངོས་གནས་ཚུལ་དང་འབྲེལ་ནས་རྒྱུགས་ཞུགས་བསྡུར་ཚད་ཇེ་ཉུང་དང་ཡིག་རྒྱུགས་མེད་པར་བཏང་ཆོག་ལ། ཡང་ན་ཐད་ཀར་ལྟ་ཞིབ་བྱེད་པའི་བྱེད་ཐབས་ཀྱིས་གདན་ཞུ་བྱས་ནས། སྐར་གྲངས་ཚད་བཀག་གཏན་ཁེལ་བྱས་ཆོག དམིགས་བསལ་མཐའ་ཁུལ་གྱི་དཀའ་ཁག་ཆེ་བ་དང་དགེ་རྒན་ཕྱི་ཤོར་ཚབས་ཆེན་ས་ཁུལ་གྱིས་རང་སའི་སློབ་མའི་ཐོན་ཁུངས་ལ་ཁ་ཕྱོགས་ཆོག “དམིགས་བསལ་ལས་གནས་འཆར་འགོད”ཀྱི་གདན་ཞུ་རྨང་གཞིའི་སྟེང་། བྱེ་བྲག་གི་དགོས་མཁོར་གཞིགས་ནས། ས་གནས་དམིགས་བསལ་ལས་གནས་དགེ་རྒན་གྱི་གདན་ཞུ་བྱ་བར་སྤྱི་འདོམས་ངང་ལེགས་པོར་སྒྲུབ་དགོས། དམིགས་བསལ་ལས་གནས་དགེ་རྒན་གྱི་ཟླ་ཕོགས་འགན་སྲུང་ལེགས་པོར་སྒྲུབ་ནས། དམིགས་བསལ་ལས་གནས་དགེ་རྒན་གྱི་ཟླ་ཕོགས་དུས་ལྟར་འདང་ངེས་ཀྱིས་སྟེར་བར་ཁག་ཐེག་བྱེད་པ་དང་། གཏན་ཁེལ་ལྟར་སྤྱི་ཚོགས་འགན་སྲུང་ལ་ཞུགས་ནས། ལོ་གསུམ་གྱི་ཞབས་ཞུའི་དུས་ཡུན་ལོངས་པའམ་དཔྱད་དཔོག་ཚད་མཐུན་ཡིན་པ་མ་ཟད་མུ་མཐུད་དུ་དགེ་རྒན་བྱེད་འདོད་ཡོད་པའི་དམིགས་བསལ་ལས་གནས་ཀྱི་དགེ་རྒན་དུས་ལྟར་སྒྲིག་ཁོངས་སུ་འཇུག་དགོས་པ་མ་ཟད་བྱ་བའི་ལས་གནས་དངོས་འབེབས་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།