ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་སྐྱིན་གསབ་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ཏེ་ལོ་འཁོར30ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་དུ་བསྡུས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཆེས་མཐོ་མི་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་ཁྲིམས་བཟོ་ཨུ་ལྷན་གྱིས་ཚེས14ཉིན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་རྒྱལ་ཁབ་སྐྱིན་གསབ་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ཏེ་ལོ་འཁོར30ལོན་པའི་བཞུགས་མོལ་ཚོགས་འདུ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞའོ་ཅེ་དང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཀྲང་ཅུན། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་དབྱིན་ཡུང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་།

1994ལོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུ་ལྷན་ཁང་གིས་རྒྱལ་ཁབ་སྐྱིན་གསབ་བཅའ་ཁྲིམས་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་སྐྱིན་གསབ་ལམ་ལུགས་བཙུགས་པ་དང་། དེ་ནི་རང་རྒྱལ་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གལ་ཆེའི་ལམ་ཚད་རྡོ་རིང་ལྟ་བུ་ཞིག་ཡིན། ལོ་ངོ30རིང་། ཏང་གི་ཡང་དག་པའི་མགོ་ཁྲིད་འོག རྒྱལ་ཁབ་སྐྱིན་གསབ་བྱ་བས་རྩ་ཁྲིམས་ཀྱི་གཏན་ཁེལ་དངོས་འབེབས་བྱས་ཏེ། མིའི་ཐོབ་ཐང་ལ་བརྩི་བཀུར་དང་འགན་སྲུང་བྱས་པ་དང་། སྤྱི་ཚོགས་ཀྱི་དྲང་བདེན་འདྲ་མཉམ་ལ་སྐུལ་འདེད་བཏང་ཞིང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། ཚོགས་འདུས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་ཏེ། མུ་མཐུད་དུ་རྒྱལ་ཁབ་སྐྱིན་གསབ་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་ལེགས་པོ་བྱེད་པ་དང་། ཁྲིམས་ལུགས་བཟོ་བཅོས་ཀྱི་ལས་དོན་ལེགས་པོར་སྒྲུབ་དགོས། མི་དམངས་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱིན་གསབ་འདྲི་གཅོད་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཁྲིམས་ལུགས་ལྟ་སྐུལ་ལ་ཤུགས་བསྣན་ཏེ་གཟབ་ནན་ངང་ཁྲིམས་བསྟར་དང་གཞུང་དྲང་ངང་ཁྲིམས་འཛིན་ལ་སྐུལ་སྤེལ་བྱས་ནས་མགོ་ཁུངས་ནས་རྒྱལ་ཁབ་སྐྱིན་གསབ་དོན་རྐྱེན་འབྱུང་བ་ཇེ་ཉུང་དུ་གཏོང་དགོས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།