ཀྲུང་གོ་བོད་ཀྱི་དྲ་བ།

གུང་གཞོན་ཚོགས་པ་ཀྲུང་དབྱང་གིས2024ལོ་ནས2025ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུ་ནུབ་རྒྱུད་འཆར་གཞིའི་བྱ་བ་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཚེས14ཉིན་གུང་གཞོན་ཚོགས་པ་ཀྲུང་དབྱང་ནས་རྒྱུས་ལོན་པ་ལྟར་ན། གུང་གཞོན་ཚོགས་པ་ཀྲུང་དབྱང་གིས་ཉེ་ལམ་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུ་ནུབ་རྒྱུད་འཆར་གཞིའི་རྒྱལ་ཡོངས་ཀྱི་བརྙན་ཟློས་བཀོད་གཏོང་ཚོགས་འདུ་བསྡུས་ཏེ། 2024ལོ་ནས2025ལོའི་སློབ་ཆེན་སློབ་མའི་དང་བླངས་ཞབས་ཞུ་ནུབ་རྒྱུད་འཆར་གཞིའི་བྱ་བར་བཀོད་སྒྲིག་བྱས།

2024ལོ་ནས2025ལོའི་བར་ནུབ་རྒྱུད་འཆར་གཞིའི་ཁྲོད་ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་སྤེལ། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། རྒྱལ་ཁབ་སྲུང་སྐྱོང་མཐའ་སྲུང་སོགས་ཁྱབ་ཁོངས་གལ་ཆེན་ལ་དམིགས་ཏེ། ལྟེ་གནས་ལ་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དང་། གཞོན་ནུའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པ་དང་། ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་དམིགས་ཏེ། གཞོན་ནུ་རྣམས་ཀྱིས་སྤྱིར་བཏང་གི་ལས་གནས་སྟེང་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བར་དཔེ་སྟོན་སྣེ་ཁྲིད་བྱེད་པ། གཞི་རིམ་གྱི་ཁྲིད་སྟོན་འབུར་དུ་ཐོན་ནས་རྣམ་གྲངས་ཀྱི་གཙོ་གནད་གཞི་རིམ་ལ་དམིགས་ཏེ། བྱ་བའི་སྟོབས་ཤུགས་གཞི་རིམ་དུ་མར་བབ་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་འབུར་དུ་ཐོན་ནས་སྲ་བརྟན་དུ་གཏོང་བ་དང་། ཤར་ནུབ་མཉམ་ལས་ལམ་སྲོལ་དོན་འཁྱོལ་བྱས་ཏེ། མི་རིགས་སོ་སོའི་གཞོན་ནུ་ལོ་ཆུང་འགྲོ་འོང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བར་འབད་བརྩོན་བྱ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། 2024ལོ་ནས2025ལོ་བར་ནུབ་རྒྱུད་འཆར་གཞིའི་རྒྱལ་ཡོངས་རྣམ་གྲངས་ལག་བསྟར་གཞི་ཁྱོན་མི་ཁྲི3ཡིན་པ་དང་། གྲོང་གསེབ་སློབ་གསོ་དང་གྲོང་གསེབ་འཛུགས་སྐྲུན་ལ་ཞབས་ཞུ། བདེ་ཐང་གྲོང་གསེབ། གཞི་རིམ་གཞོན་ནུའི་ལས་དོན། གྲོང་གསེབ་སྤྱི་ཚོགས་བཅོས་སྐྱོང་། རྒྱལ་སྲུང་མཐའ་སྲུང་། ཞིན་ཅང་ལ་ཞབས་ཞུ། བོད་ལྗོངས་ལ་ཞབས་ཞུ་སོགས་ཆེད་དོན་རྣམ་གྲངས8ལ་དབྱེ་ཡོད། །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།