ཀྲུང་གོ་བོད་ཀྱི་དྲ་བ།

སློབ་གསོ་པུའུ་ཡིས་དགེ་སློབ་ཡོངས་ལ་ཁ་ཕྱོགས་ཏེ་དམིགས་གཏད་རང་བཞིན་ཡོད་པའི་སེམས་ཁམས་བདེ་ཐང་སློབ་གསོ་སྤེལ་རྒྱུ་ཡིན་པར་བསྟན།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-05-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཟླ5པའི་ཚེས13ཉིན་སློབ་གསོ་པུའུ་ནས་རྒྱུས་ལོན་པ་ལྟར་ན། 《རྒྱལ་ཡོངས་སློབ་མའི་སེམས་ཁམས་བདེ་ཐང་དྲིལ་སྒྲོག་སློབ་གསོའི་ཟླ་བའི་བྱ་འགུལ་སྐབས་དང་པོ་སྤེལ་བའི་སྐོར་གྱི་བརྡ་སྦྱོར》ཉེ་ལམ་དཔར་འགྲེམ་བྱས་པ་དང་། ད་ལོའི་ཟླ5པར་དྲིལ་སྒྲོག་སློབ་གསོའི་ཟླ་བའི་བྱ་འགུལ་སྐབས་དང་པོ་སྤེལ་རྒྱུ་ཐག་བཅད་ལ། ཕྱོགས་ཡོངས་ནས་ལྔ་སྐྱོང་དངོས་འབེབས་དང་སེམས་ཁམས་བདེ་ཐང་འདུ་ཤེས་ལ་སྐུལ་འདེད་བཏང་ནས། དགེ་སློབ་ཡོངས་ལ་ཁ་ཕྱོགས་ཏེ་དམིགས་གཏད་རང་བཞིན་ཡོད་པའི་སྒོ་ནས་སེམས་ཁམས་བདེ་ཐང་སློབ་གསོ་སྤེལ་རྒྱུ་རེད།

བརྡ་སྦྱོར་ལས། ས་ཁུལ་སོ་སོས་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་གྲྭས་བྱིས་གཉོར་ཁང་གིས་བྱིས་པའི་སེམས་ཁམས་འཕེལ་རྒྱས་ཀྱི་དགོས་མཁོར་དོ་སྣང་བྱས་ཏེ། བྱིས་པས་དགེ་མཚན་ལྡན་པའི་སེམས་ཁམས་གནས་བབ་རྒྱུན་འཁྱོངས་བྱེད་དུ་འཇུག་དགོས། སློབ་གྲྭ་ཆུང་འབྲིང་གིས་སློབ་མར་ཧུར་སྐྱེད་སྤྲོ་སྣང་དང་བདེ་ཐང་ཡར་བརྩོན་གྱི་སེམས་ཁམས་གཤིས་རྒྱུད་གསོ་སྐྱོང་བྱེད་དགོས། འབྲིང་རིམ་ལས་རིགས་སློབ་གྲྭ་དང་མཐོ་རིམ་སློབ་གྲྭས་སློབ་མའི་སེམས་ཁམས་སྙོམ་སྒྲིག་གི་ནུས་པ་མཐོར་འདེགས་སུ་གཏོང་བར་དོ་སྣང་བྱས་ཏེ། སློབ་མའི་རང་སྟོབས་རང་སྤེལ་དང་ལས་བཀུར་ཀུན་མཐུན་གྱི་སེམས་ཁམས་གཤིས་རྒྱུད་ཆགས་པར་གསོ་སྐྱོང་བྱས་ནས། སེམས་ཁམས་བདེ་ཐང་གནས་བབ་བཟང་པོ་སྲུང་འཛིན་བྱེད་པ་དང་། སྔར་ལས་ལྷག་པར་ལས་རིགས་ལ་མཐུན་པ་དང་སྤྱི་ཚོགས་ལ་འཕྲོད་པར་བྱེད་དགོས། གཞིས་སྲུང་བྱིས་པ་དང་འཁོར་སྐྱོད་བྱིས་པའི་སེམས་ཁམས་བདེ་ཐང་གི་གནས་ཚུལ་ལ་སེམས་ཁུར་བྱས་ཏེ། དགོས་ངེས་ཀྱི་སེམས་ཁམས་མཛུབ་སྟོན་དང་ཐེ་གཏོགས་འདོན་སྤྲོད་བྱེད་དགོས་པའི་བླང་བྱ་བཏོན།

བརྡ་སྦྱོར་ལྟར་ན། ས་ཁུལ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་གྲྭས་དགེ་རྒན་གསོ་སྦྱོང་ལ་ཤུགས་བསྣན་ཏེ། བསླབ་ཚན་སོ་སོའི་དགེ་རྒན་གྱིས་སེམས་ཁམས་རིག་པའི་ཤེས་བྱར་ཤེས་རྟོགས་བྱེད་པར་རོགས་སྐྱོར་བྱས་ནས། བསླབ་ཚན་སློབ་གསོའི་ཁྲོད་སློབ་མའི་སེམས་ཁམས་བདེ་ཐང་སྲུང་སྐྱོབ་ལ་དོ་སྣང་བྱེད་པ་དང་། སློབ་མའི་ལུས་སེམས་བདེ་ཐང་དང་ཕྱོགས་ཡོངས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་དགོས།

བརྡ་སྦྱོར་ལས་ད་རུང་ས་ཁུལ་སོ་སོའི་སློབ་གསོ་སྲིད་འཛིན་སྡེ་ཁག་དང་སློབ་གྲྭས་ཁྱིམ་བདག་སློབ་གྲྭ་དང་ཁྱིམ་བདག་སློབ་ཁང་སོགས་བརྒྱུད་དེ་སེམས་ཁམས་བདེ་ཐང་ཤེས་བྱ་དྲིལ་སྒྲོག་དང་འདྲི་རྟོག་ཞབས་ཞུ་སྤེལ་ནས། ཁྱིམ་བདག་གིས་ཚན་རིག་གསོ་སྐྱོང་གི་འདུ་ཤེས་འཛུགས་པར་སྣེ་ཁྲིད་པ་དང་། རྗེས་དཔག་གིས་བྱིས་པའི་འཚར་ལོངས་སྔོན་དཔག་གཏན་ཁེལ་བྱས་ནས་བྱིས་པའི་སེམས་ཁམས་བདེ་ཐང་ལ་དོ་སྣང་བྱེད་དགོས་ལ། བྱིས་པའི་སེམས་ཁམས་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་དགོས། ཁྱིམ་བདག་གིས་བྱིས་པའི་སེམས་ཁམས་མྱོང་ཚོར་ལ་དོ་སྣང་བྱས་ཏེ། བྱིས་པས་དང་ལེན་བྱེད་ནུས་པའི་ཐབས་ལམ་ལ་བརྟེན་ནས་སུན་མེད་ངང་སློབ་གསོ་གཏོང་བ་དང་། ཁ་བཤད་དཔེ་སྟོན་གྱིས་བྱིས་པར་སྣེ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།