ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལེ་ཅི་ཡིས་མགོ་འཛིན་གནང་སྟེ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་འདུ་ཐེངས་ཉེར་གསུམ་པ་བསྡུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གྲོས་ཚོགས་འདུ་ཐེངས་ཉེར་གསུམ་པ་ཚེས16ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་གནང་། ཚོགས་འདུའི་སྟེང་སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་ཟླ4བའི་ཚེས23ཉིན་ནས་ཚེས26ཉིན་བར་པེ་ཅིན་དུ་བསྡུ་རྒྱུ་ཡིན་པར་གཏན་འཁེལ་བྱས།

ཟླ4བའི་ཚེས16ཉིན་གྱི་སྔ་དྲོར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚོགས་འདུ་ཐེངས་ཉེར་གསུམ་པ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་བསྡུས་ཤིང་། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚོགས་འདུར་མགོ་འཛིན་གནང་།

ཨུ་ཡོན་ཀྲང་གི་གྲོས་ཚོགས་སྟེང་དུ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་སྟེང་བསླབ་གནས་བཅའ་ཁྲིམས་ཀྱི་འཆར་ཟིན་དང་སྒོ་ཁྲལ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་། རྒྱལ་སྲུང་སློབ་གསོའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་གནང་བའི་སྐོར་གྱི་ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་གྲོས་གཞིར་གྲོས་ཞིབ་བྱ་རྒྱུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྩིས་གཉེར་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི་དང་། བསྡོམས་རྩིས་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི། ནུས་ཁུངས་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི། རྡུལ་ཕྲན་ནུས་པའི་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི། ནག་དངུལ་དཀར་སྒྱུར་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི། ཞིང་ལས་ལག་རྩལ་ཁྱབ་བརྡལ་བཅའ་ཁྲིམས་སོགས་བཅའ་ཁྲིམས་གསུམ་གྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁར་ཟས་རིགས་བདེ་འཇགས་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གནས་སྐབས་ལེགས་སྒྲིག་དང་བེད་སྤྱོད་བྱ་རྒྱུའི་དབང་ཆ་སྤྲོད་པའི་ཆོད་དོན་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱས་པར་མ་ཟད། ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མོ་རི་ཐིའུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག》ལ་གྲོས་ཞིབ་དང་ཆོག་མཆན་གནང་རོགས་ཞུས་པའི་སྐོར་གྱི་གྲོས་གཞི་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལའི་ཉེས་དོན་ཁྲིམས་འཛིན་གཞོགས་འདེགས་སྐོར་གྱི་ཆིངས་ཡིག》ལ་གྲོས་ཞིབ་དང་ཆོག་མཆན་གནང་རོགས་ཞུས་པའི་སྐོར་གྱི་གྲོས་གཞི། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེ་ནེ་ཀལ་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་སྤྲོད་ཆིངས་ཡིག》ལ་གྲོས་ཞིབ་དང་ཆོག་མཆན་གནང་རོགས་ཞུས་པའི་སྐོར་གྱི་གྲོས་གཞི། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀེ་རི་སེའི་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་སྤྲོད་ཆིངས་ཡིག》ལ་གྲོས་ཞིབ་དང་ཆོག་མཆན་འགོད་རོགས་ཞུས་པའི་སྐོར་གྱི་གྲོས་གཞི་བཅས་ལ་གྲོས་ཞིབ་བྱེད་དགོས་པའི་བསམ་འཆར་བཏོན།

ཨུ་ཡོན་ཀྲང་གི་གྲོས་ཚོགས་སྟེང་གྲོས་འགོ་བཏོན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་གྲོས་རིམ་ཁྲོད་ད་དུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2023ལོའི་ལོ་འཁོར་གྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད་ལེགས་འགྲུབ་བྱུང་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་དང་། དངུལ་རྩའི་ཁེ་ལས་ཀྱི་རྒྱལ་དབང་རྒྱུ་ནོར་དོ་དམ་བྱས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུར་གྲོས་ཞིབ་བསམ་འཆར་ཞིབ་འཇུག་ཐག་གཅོད་བྱས་ཚུལ། དག་ཐེར་དང་འགན་འཁྲི་བདའ་འདེད་བྱས་ཚུལ་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ་དང་། འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་སྐོར་གྱི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གྲོས་ཞིབ་བྱ་རྒྱུ། འབྲེལ་ཡོད་བསྐོ་འཐེན་གྱོད་གཞི་སོགས་ལ་གྲོས་ཞིབ་བྱས།

ཨུ་ཡོན་ཀྲང་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི2024ལོའི་ལོ་འཁོར་གྱི་བྱ་བའི་གཙོ་གནད་དང་ཁྲིམས་འཛུགས། ལྟ་སྐུལ། འཐུས་མི་བཅས་ཀྱི་བྱ་བའི་འཆར་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་སྐབས་བཅུ་བཞི་པའི་དམངས་ཆེན་གྲོས་ཚོགས་ཐེངས་གཉིས་པའི་གཙོ་གནད་ལྟ་སྐུལ་སྒྲུབ་པའི་གྲོས་འགོ་འདེམས་པའི་བརྗོད་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

ཨུ་ཡོན་ཀྲང་གི་གྲོས་ཚོགས་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ལིའུ་ཆིས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་གྲོས་རིམ་འཆར་ཟིན་དང་ཉིན་རེའི་ལས་རིམ་བཀོད་སྒྲིག་སོགས་ཀྱི་སྐོར་ནས་སྙན་ཞུ་ཕུལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་གཞོན་པ་དང་། རྒྱལ་ཡོངས་དམངས་ཆེན་འབྲེལ་ཡོད་ཆེད་དོན་ཨུ་ཡོན་ལྷན་ཁང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་ལས་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་འཁུར་བས་འབྲེལ་ཡོད་གྲོས་གཞིའི་སྐོར་གྱི་སྙན་ཞུ་ཕུལ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་དང་ཝང་ཏུང་མིན། ཞའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥེང་། ཧོ་ཝུའེ། ཝུའུ་ཝུའེ་ཧྭ། ཐེ་ཉིན། ཕེང་ཆིང་ཧྭ། ཀྲང་ཆིང་ཝུའེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར་བཅས་ཚོགས་འདུར་ཞུགས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།