ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་དཔེ་མཚོན་གྱོད་གཞི5སྤྱི་བསྒྲགས་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐེངས་དགུ་པའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་སླེབས་ལ་ཉེ་བའི་སྐབས་སུ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཚེས14ཉིན་དཔེ་མཚོན་གྱོད་གཞི5ཁྱབ་བསྒྲགས་བྱས་ཏེ། སྤྱི་ཚོགས་ཡོངས་ཀྱིས་རྒྱལ་ཁབ་བདེ་འཇགས་འདུ་ཤེས་མཐོར་འདེགས་སུ་གཏོང་བ་དང་། གསང་མྱུལ་ལ་ངོ་རྒོལ་བྱེད་པའི་རྣོ་ལྕགས་ཀྱི་མཁར་རྫོང་བརྟན་པོ་བསྐྲུན་པར་འབོད་སྐུལ་བཏང་།

ཕྱི་རྒྱལ་ཁབ་ཀྱིས་རང་རྒྱལ་གྱི་ཞི་ཐུའུ་ཁྱབ་ཁོངས་ཀྱི་གསང་བ་རྐུ་འཁྱེར་བྱས་པ།

2017ལོར། ཕྱི་རྒྱལ་གྱི་མདོག་ལྡན་ལྕགས་རིགས་ཀུང་སི་ག་གེ་མོའི་ཧྲང་ཧའེ་ཡན་ལག་ཀུང་སིའི་ལས་བཟོ་པ་ཡེ་ཆེ་གེ་མོ་དང་རྒྱལ་ནང་གི་ཞི་ཐུའུ་ག་གེ་མོ་ཀུང་སིའི་སྤྱི་གཉེར་པ་གཞོན་པ་ཁྲེན་ཆེ་གེ་མོ་གཉིས་ཚོང་ལས་མཉམ་ལས་ཁྲོད་ངོ་ཤེས་སུ་གྱུར་པ་དང་། ཡེ་ཆེ་གེ་མོ་ཡོད་སའི་ཀུང་སིའི་ཕྱི་རྒྱལ་ལས་བཟོ་པས་ཁོར་གླ་དངུལ་སྤྲད་དེ་ཁྲེན་ཆེ་གེ་ནས་རང་རྒྱལ་གྱི་ཞི་ཐུའུ་བསྡུ་ཉེ་གྱི་གསལ་ཐོ་དང་བཀས་སྐུལ་རང་བཞིན་གྱི་འཆར་འགོད་སོགས་ཀྱི་ཆ་འཕྲིན་བླངས། ཁྲེན་ཆེ་གེ་མོས་འབྲེལ་ཡོད་ནང་དོན་དག་ཕྱི་ཕྱོགས་ལ་མཁོ་སྤྲོད་བྱས་མི་ཆོག་པ་ཤེས་བཞིན་དུ། སྒེར་གྱི་ཁེ་ཕན་ཆེད་དུ། བྱ་བའི་ཁྲོད་ཀྱི་རང་རྒྱལ་གྱི་ཞི་ཐུའུ་བསྡུ་ཉེ་རིགས་སྣ་དང་གྲངས་ཀ། རིན་གོང་སོགས་ཡེ་ཆེ་གེ་མོ་ལ་བྱིན་པ་མ་ཟད། གླ་དངུལ་འབོར་ཆེན་བླངས། རྒྱལ་ཁབ་གསང་མྱུལ་སྡེ་ཁག་གིས་དབྱེ་འབྱེད་བྱས་པ་བརྒྱུད། ཁྲེན་ཆེ་གེ་མོས་འདོན་སྤྲོད་བྱས་པའི་ནང་དོན་དག་གསང་རྒྱ་རིམ་པའི་རྒྱལ་ཁབ་ཀྱི་གསང་བ7ལ་འབྲེལ་བ་ཡོད།

2023ལོའི་ཟླ3པར། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གྱོད་གཞི་འདི་རྩད་ཆོད་ནས། གྱོད་འབྲེལ་མི་སྣ་ཡེ་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོར་ཁྲིམས་ལྟར་བཙན་སྐུལ་བྱེད་ཐབས་སྤྱད། ལོ་དེའི་ཟླ11པར། ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཕྱི་རྒྱལ་གྱིས་སོ་སོར་རྔན་སླུ་དང་ཁྲིམས་འགལ་ངང་རྒྱལ་ཁབ་གསང་བ་འདོན་སྤྲོད་བྱས་པའི་ནག་ཉེས་ལ་དམིགས་ཏེ། ཡེ་ཆེ་གེ་མོ་དང་ཁྲེན་ཆེ་གེ་མོར་རྒྱལ་ཁབ་གསང་བ་འདོན་སྤྲོད་བྱས་པའི་ནག་ཉེས་དང་ལྐོག་རྔན་བླངས་པའི་ཁྲིམས་ཆད་བཅད།

ཕྱི་རྒྱལ་གྱི་གསང་མྱུལ་ལས་ཁུངས་ཀྱིས་རང་རྒྱལ་གྱི་འབྲས་སོན་དང་སོན་བཟོའི་ལག་རྩལ་རྐུ་འཁྱེར་བྱས་པ།

ཉེ་བའི་ལོ་འགའི་རིང་། ཕྱི་རྒྱལ་གྱི་གསང་མྱུལ་ལས་ཁུངས་ཀྱིས་མུ་མཐུད་དུ་རང་རྒྱལ་གྱི་འབྲུ་རིགས་ཁྱབ་ཁོངས་ཀྱིས་སིམ་འཛུལ་བྱེད་ཤུགས་ཇེ་ཆེར་བཏང་ཞིང་། གང་འདོད་ཀྱིས་རང་རྒྱལ་གྱི་ལྟེ་བའི་ཚན་རྩལ་ཞིབ་འཇུག་གསང་འཕྲིན་རྐུ་འཁྱེར་བྱས། གནས་ཚུལ་འདི་ལ་དམིགས་ཏེ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་གྱོད་འབྲེལ་མི་སྣ་བརྒྱ་ལྷག་ལ་ཞིབ་བཤེར་བྱས་པ་དང་། གཙོ་གནད་གྱོད་འབྲེལ་ཁེ་ལས11ལ་རྩད་གཅོད་བྱས་པ་དང་ཁྲིམས་ལྟར་འབྲེལ་ཡོད་མི་སྣར་ཉེས་དོན་འགན་འཁྲི་བདའ་འདེད་བྱས།

རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་རྩད་གཅོད་བྱས་པ་བརྒྱུད། རྒྱལ་ནང་གི་ཞིང་ལས་ཚན་རྩལ་ཀུང་སི་ག་གེ་མོའི་སྤྱི་གཉེར་པ་ཀྲུའུ་ཆེ་གེ་མོས། སོན་བཟོ་མཉམ་ལས་ཀྱི་མིང་ལ་ཁ་གཡར་ཏེ། སྔ་རྗེས་སུ་ཕྱི་རྒྱལ་གྱི་གསང་མྱུལ་ལས་ཁུངས་ལ་རྒྱལ་ཁང་དུ་བཙུགས་པའི་ཀུང་སི་ཞིག་གི་འབྲས་སོན་རིགས5ཁྲིམས་འགལ་ངང་ཕྱིར་འཚོང་བྱས་ལ། རྒྱུན་ལྡན་ཕྱིར་འཚོང་གི་རིན་གོང་ལས་བརྒལ་བའི་གླ་རིན་བླངས། སྔར་ལས་ལྷག་པར་ལས་སྒོའི་ཁྱབ་རྒྱ་ཇེ་ཆེར་གཏོང་ཆེད། ཀྲུའུ་ཆེ་གེ་མོས་ད་རུང་ཞིང་ལས་ཚན་རྩལ་ཀུང་སི་གཞན་ཞིག་བཙུགས་ཏེ། ཕྱི་རྒྱལ་ལ་རང་རྒྱལ་གྱི་སྤུས་ལེགས་འབྲས་སོན་མང་པོ་ཕྱིར་འཚོང་བྱས།

2024ལོའི་ཟླ1པོར། ཨན་ཧུའེ་ཞིང་ཆེན་ཧི་ཧྥེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཕྱི་རྒྱལ་ལ་ཁྲིམས་འགལ་ངང་གསང་འཕྲིན་འདོན་སྤྲོད་བྱས་པའི་ཀྲུའུ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ1དང་ཟླ6ལྷག་གི་ཆད་པ་བཅད། གཞན་ཡང་། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་གཞན་པའི་གྱོད་འབྲེལ་མི་སྣ17ལ་སྲིད་དོན་ཆད་པ་བཅད་པ་མ་ཟད། གྱོད་འབྲེལ་ཁེ་ལས་དག་ལ་རྩད་ཞིབ་ནན་མོ་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་རང་རྒྱལ་འབྲུ་རིགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཉེན་ཁ་ཆེན་པོ་སེལ།

ཕྱི་རྒྱལ་གསང་མྱུལ་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་རང་རྒྱལ་གྱི་གནམ་གཤིས་གཞི་གྲངས་འཚོལ་སྡུད་བྱས་པ།

2023ལོའི་ཚུན་དུ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གནམ་གཤིས་དང་གསང་སྲུང་སྡེ་ཁག་དང་མཉམ་དུ་རྒྱལ་ཡོངས་ཀྱི་མངའ་ཁོངས་སུ་ཁྲིམས་ལྟར་ཕྱི་རྒྱལ་གནམ་གཤིས་རྟོག་ཞིབ་ཚད་ལེན་དང་འབྲེལ་བའི་ཆེད་དམིགས་བཅོས་སྐྱོང་སྤེལ་བ་དང་། ཕྱི་རྒྱལ་གྱི་གནམ་གཤིས་སྒྲིག་ཆས་ཚོང་པ10ལ་བརྟག་བཤེར་བྱས་ལ། ཕྱི་རྒྱལ་དང་འབྲེལ་བའི་གནམ་གཤིས་བརྟག་བཤེར་ས་ཚིགས3000ལྷག་ལ་ཞིབ་བཤེར་བྱས་ནས། ཁྲིམས་འགལ་ངང་ཕྱི་རྒྱལ་གྱི་གནམ་གཤིས་བརྟག་བཤེར་ཚད་ལེན་ས་ཚིགས་བརྒྱ་ལྷག་གིས་དུས་ལྟར་ཕྱི་རྒྱལ་ལ་གནམ་གཤིས་གཞི་གྲངས་སྐྱེལ་བ་རྙེད་པ་དང་། དེ་དག་རྒྱལ་ཡོངས་ཀྱི་ཞིང་ཆེན20ལྷག་ལ་ཁྱབ་ཡོད་པས། རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ལ་མངོན་མེད་ཉེན་ཁ་ཆེན་པོ་བཟོས་ཡོད།

ཁྲིམས་འགལ་གྱི་ཕྱི་རྒྱལ་གནམ་གཤིས་རྟོག་ཞིབ་ས་ཚིགས་འདི་དག་ཁྲོད། ཁ་ཤས་ཀྱི་རྟོག་ཞིབ་ལས་གཞི་ལ་ཕྱི་རྒྱལ་སྲིད་གཞུང་གིས་ཐད་ཀར་དུ་རོགས་སྐྱོར་བྱེད་པ་དང་། རྟོག་ཞིབ་ས་ཚིགས་ལ་ལ་ནི་དམག་དོན་ལས་ཁུངས་དང་དམག་བཟོའི་ཁེ་ལས་སོགས་ཚོར་སྐྱེན་ས་ཁུལ་གྱི་ཉེ་འཁོར་དུ་བཙུགས་ཡོད་ལ། ས་བབ་དབྱེ་ཞིབ་དངGPSགནས་ཐིག་གཏན་ཁེལ་བྱེད་བཞིན་ཡོད། ཁ་ཤས་ནི་རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་ཁུལ་གཙོ་བོར་བཙུགས་ཡོད་ལ། རང་རྒྱལ་གྱི་ཞིང་ལས་ལོ་ཏོག་སྐྱེས་ཚུལ་དང་འབྲུ་རིགས་ཐོན་ཚད་དབྱེ་ཞིབ་བྱེད་པར་འབྲེལ་བ་ཡོད། ཁ་ཤས་ནི་དུས་ཡུན་ཧ་ཅང་རིང་བ་དང་ཐེངས་མང་པ། གནས་ཚད་མང་པོའི་སྒོ་ནས་ཕྱི་རྒྱལ་གྱི་གཞུང་ཕྱོགས་གནམ་གཤིས་ལས་ཁུངས་ལ་ཆ་འཕྲིན་སྐྱེལ་ནས། ཕྱི་རྒྱལ་གྱི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་དང་གནམ་གཤིས་བརྟག་བཤེར་ཚད་ལེན་ལ་ཞབས་ཞུ་སྒྲུབ་བཞིན་ཡོད། འབྲེལ་ཡོད་སྒྲིག་ཆས་བོངས་ཆུང་བ་དང་སྟབས་བདེ་ཡིན་པ། རྙེད་དཀའ་བ་དང་། རང་འགུལ་ངང་འཚོལ་སྡུད་བྱེད་ཐུབ་པ་མ་ཟད་དུས་ལྟར་དྲ་བའི་སྐྱེལ་འདྲེན་བྱེད་ཐུབ་པ་ཡིན། འབྲེལ་ཡོད་ཕྱི་རྒྱལ་གྱི་གནམ་གཤིས་རྟོག་ཞིབ་བྱ་འགུལ་དེ་དག་ཕྱི་རྒྱལ་གྱི་གནམ་གཤིས་རྟོག་ཞིབ་དང་རྒྱུ་ཆ་དོ་དམ་བྱེད་ཐབས། གཞི་གྲངས་བདེ་འཇགས་བཅའ་ཁྲིམས་སོགས་འབྲེལ་ཡོད་གཏན་ཁེལ་དང་འགལ་ཡོད། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་གནམ་གཤིས་དང་གསང་སྲུང་སྡེ་ཁག་དང་མཉམ་འབྲེལ་སྒོས་ཁྲིམས་ལྟར་འབྲེལ་ཡོད་ཁྲིམས་འགལ་བྱ་འགུལ་ལ་རྩད་གཅོད་བྱས་ཏེ། དུས་ལྟར་གནམ་གཤིས་གཞི་གྲངས་ཕྱི་རྒྱལ་དུ་བསྐྱལ་བའི་ཁྲིམས་འགལ་བྱ་སྤྱོད་ལ་བཀག་འགོག་བྱས།

མཐོ་རིམ་སློབ་གྲྭ་ག་གེ་མོའི་སློབ་མས་ཡ་མཚན་འཚོལ་ཐབས་ལ་བརྟེན་ནས་རྒྱ་རྙིར་ཐེབས་པ།

ཉེ་བའི་ལོ་འགའི་རིང་། ཕྱི་རྒྱལ་གྱི་ཀྲུང་གོར་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་ཀྱིས་དྲ་སྦྲེལ་དྲ་བ་སོགས་ཀྱི་ཐབས་ལམ་བེད་སྤྱད་དེ་རྒྱལ་ནང་གི་མི་སྣར་འདུ་ཤེས་འཛིན་སྟངས་ཀྱི་སེམས་གཏོར་དམག་འཐབ་བརྒྱབ་པ་དང་། རྒྱལ་ནང་གི་ཚ་གནད་དོན་རྐྱེན་འུད་སྒྲོག་ལོག་བཤད་བྱས་ཏེ། རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་ལ་སྐུར་འདེབས་དང་དམའ་འབེབས་བྱས། ན་གཞོན་སློབ་མ་མི་ཉུང་བ་ཞིག་ལ་ངན་སྐུལ་སླུ་བྲིད་ཐེབས་ནས། སྟབས་མ་ལེགས་པར་དོང་རྙིར་ལྷུང་ནས། ཕྱི་རྒྱལ་གྱི་ཀྲུང་གོར་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་ཀྱི་ལག་ཆར་གྱུར་ཡོད།

ཉེ་སྔོན། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་བདེ་བླག་ངང་ཕྱི་རྒྱལ་གྱི་ཀྲུང་གོར་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་ཀྱིས་མཐོ་རིམ་སློབ་གྲྭ་ག་གེ་མོའི་སློབ་མ་བྱ་འགུལ་ནང་ཞུགས་པར་སླུ་བྲིད་བཏང་བའི་དཔེ་མཚོན་གྱོད་གཞི་ཞིག་གཏོར་བ་དང་། ཕྱི་རྒྱལ་གྱི་ཀྲུང་གོར་ངོ་རྒོལ་བྱེད་མཁན་སྟོབས་ཤུགས་ཀྱི་སིམ་འཛུལ་སྐུལ་སློང་གི་བྱ་འགུལ་ལ་ཤུགས་དང་ལྡན་པར་རྡུང་རྡེག་བཏང་སྟེ། དུས་ལྟར་མངོན་མེད་རྐྱེན་ངན་སེལ་ཡོད། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་བྱ་བའི་ཁྲོད། རྒྱལ་ནང་གི་མཐོ་སློབ་ག་གེ་མོའི་སློབ་མ་སུང་ཆེ་གེ་མོས་ཡ་མཚན་འཚོལ་ཐབས་ཀྱི་སེམས་ཁམས་ལ་བརྟེན་ནས། དྲ་རྒྱའི་ཐོ་འགོད་བྱས་པ་བརྒྱུད། ཕྱི་རྒྱལ་རྩ་འཛུགས་ག་གེ་མོའི་ཁོངས་མི་གཙོ་བོས་ཁོར་འབྲེལ་ཡོད་བཀའ་རྒྱ་བཏང་། སུང་ཆེ་གེ་མོས་དུས་ཡུན་རིང་པོར་ཕྱི་རྒྱལ་གྱི་ཀྲུང་གོར་ངོ་རྒོལ་བྱེད་པའི་དྲ་ཚིགས་ལ་བལྟས་པ་མ་ཟད། འབྲེལ་ཡོད་དྲ་ཚིགས་ལ་ཀྲུང་གོའི་ལྡོག་ཕྱོགས་བརྙན་པར་རྒྱུ་ཆ་མཁོ་འདོན་བྱས། 

2023ལོའི་ཟླ7པར། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་སུང་ཆེ་གེ་མོར་སྲིད་འཛིན་རྩད་འདྲི་བྱས་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་ངོ་རྒོོལ་བྱེད་པའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་ལ་གཞིགས་ཏེ། སུང་ཆེ་གེ་མོར་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་མ་ཟད་སྲིད་འཛིན་ཁྲིམས་ཆད་ཐག་གཅོད་ཡི་གེ་སྤྲད། སྐྱོན་བརྗོད་སློབ་གསོ་བྱས་པ་བརྒྱུད། སུང་ཆེ་གེ་མོས་རང་ཉིད་ཀྱི་བྱ་སྤྱོད་ལ་འགྱོད་གཤགས་ཟབ་མོ་བྱས་ཏེ། རྗེས་ཕྱོགས་སུ་འདིའི་རིགས་ཀྱི་འགུལ་སྐྱོད་མི་སྤེལ་བའི་དམ་བཅའ་བཞག།

ཀྲུང་གོར་སྡོད་པའི་ཕྱི་རྒྱལ་ལས་ཁུངས་ཀྱི་གླ་པས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཁྲིམས་འཛིན་ལ་བཀག་འགོག་བྱས་པ།

རང་འགུལ་ངང་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་སྤྱི་དམངས་སོ་སོའི་བཅའ་ཁྲིམས་འོས་འགན་ཡིན་ལ། བསམ་བཞིན་དུ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཁྲིམས་ལྟར་ཁྲིམས་འཛིན་ལས་འགན་ལག་བསྟར་ལ་བཀག་འགོག་བྱས་པར་ཁྲིམས་ལུགས་ཀྱི་འགན་འཁྲི་བདའ་འདེད་བྱེད་དགོས། ཉེ་ལམ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་ལས་ཁུངས་ག་གེ་མོའི་གླ་པས་བསམ་བཞིན་དུ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཁྲིམས་འཛིན་ལག་བསྟར་ལས་འགན་ལ་བཀག་འགོག་བྱས་པའི་བྱ་སྤྱོད་ལ་སྲིད་འཛིན་ཁྲིམས་ཆད་བཅད།

ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་ལས་ཁུངས་ག་གེ་མོས་ཀྲུང་གོའི་གླ་པ་ཧྥུའུ་ཆེ་གེ་མོས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩད་འདྲི་བྱེད་པའི་སྐབས་སུ། གཏན་ཁེལ་ས་ཚིགས་སུ་གྲོས་འདྲི་བྱེད་པར་མི་འགྲོ་བར། འབྲེལ་མེད་མི་སྣར་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཁ་བརྡ་གནས་ཚུལ་ཕྱི་སྒྲོག་བྱས་ཤིང་། ཕྱི་རྒྱལ་གྱི་མི་སྣ་དང་འབྲེལ་ནས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཁྲིམས་འཛིན་ལ་ཐེ་གཏོགས་བྱས་ཤིང་། བསམ་བཞིན་དུ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཁྲིམས་ལྟར་ལས་འགན་ལག་བསྟར་བྱེད་པར་བཀག་འགོག་བྱས། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་ཉེན་རྟོག་མི་སྣས་ཁྲིམས་འཛིན་ཟིན་བཀོད་འཕྲུལ་ཆས་སྤྱད་དེ་ཧྥུའུ་ཆེ་གེ་མོས་བསམ་བཞིན་དུ་ཁྲིམས་འཛིན་ལ་བཀག་འགོག་བྱས་པའི་བདེན་དཔང་ཉར་ནས།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་རྒོོལ་བའི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་ལ་གཞིགས་ཏེ། ཁོར་ཉིན15ཡི་སྲིད་འཛིན་བཀག་ཉར་གྱི་སྲིད་འཛིན་ཁྲིམས་ཆད་བཅད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།