ཀྲུང་གོ་བོད་ཀྱི་དྲ་བ།

ཀྲའོ་ལེ་ཅི་ཡིས་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལ་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས13ཉིན། ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཁྲའོ་ཞན་ལ་མཛའ་མཐུན་འཚམས་འདྲི་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཁྲའོ་ཞན་གྱི་རྒྱལ་ས་ཕིན་རང་དུ། ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལ་ཐུག་འཕྲད་གནང་།

ཟླ4པའི་ཚེས13ཉིན། ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་ཁྲའོ་ཞན་ལ་མཛའ་མཐུན་འཚམས་འདྲི་གནང་བཞིན་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཁྲའོ་ཞན་གྱི་རྒྱལ་ས་ཕིན་རང་དུ་ཁྲའོ་ཞན་ངལ་རྩོལ་ཏང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་སྲིད་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་ལ་ཐུག་འཕྲད་གནང་།

ཀྲའོ་ལེ་ཅི་ཡིས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅིན་ཀྲིན་ཨིན་ལ་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་བརྒྱུད་སྒྲོག་བྱས། ཀྲའོ་ལེ་ཅི་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་དུ། ངས་ད་ཐེངས་ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པ་ཁྲིད་དེ་ཁྲའོ་ཞན་ལ་དངོས་སུ་མཛའ་མཐུན་འཚམས་འདྲི་བྱས་པ་དང་། དེ་དང་བསྟུན་ནས“ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོའི”མགོ་རྩོམ་མཛད་སྒོའི་བྱེད་སྒོར་ཞུགས་པའི་དབང་གིས། ཁྲའོ་ཞན་ཏང་དང་སྲིད་གཞུང་གིས་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་གཟབ་རྒྱས་བྱས། ད་ལོ་ནི་ཀྲུང་གོ་དང་ཁྲའོ་ཞན་བར་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན། ལོ་ངོ75རིང་ལ། ང་ཚོས་དལྟའི་བར་དུ་ཁྱིམ་མཚེས་མཛའ་མཐུན་དང་དཔུང་པ་མཉམ་གཤིབ། སྐྱིད་སྡུག་མཉམ་མྱོང་། ཐུན་མོང་འཕེལ་རྒྱས་བཅས་བྱས་ནས་སླེབས་པ་ཡིན། གནས་བབ་གསར་པའི་འོག་ཏུ། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་བླ་ན་མེད་པའི་འདོད་བློ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་གཞིར་བཟུང་ནས། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་འཕེལ་རྒྱས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཁྲའོ་ཞན་བར་གྱི་མཛའ་བརྩེ་ནི། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་རྒན་རབས་གསར་བརྗེ་པ་ཚོས་དངོས་སུ་བསྐྲུན་ཏེ་གསོ་སྐྱོང་བྱས་པ་ཞིག་ཡིན་པ་དང་། རྒྱལ་སྤྱིའི་འགྱུར་ལྡོག་སྣ་མང་གི་ཚོད་བགམ་ཅི་རིགས་ཐེག་ཡོད་པའི་དབང་གིས། ང་ཚོ་ཐུན་མོང་གི་རྒྱུ་ནོར་རྩ་ཆེན་ཞིག་ཡིན། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ངོས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལྟ་སྟངས་འཛིན་གྱིན་ཡོད། ཀྲུང་གོ་དང་ཁྲའོ་ཞན་གྱི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བར་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་དང་དེ་སྲ་བརྟན་ཡག་པོ་གཏོང་བ། དེ་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་བཅས་ནི་ང་ཚོའི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་སྟོན་འོག་ཏུ། ཕྱོགས་གཉིས་ཀའི་དངོས་གཉེར་གཉིས་ཕན་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་བཏང་ནས། ཕན་ཚུན་བར་མུ་མཐུད་དུ་རྒྱབ་སྐྱོར་ནུས་ལྡན་བྱས་ཏེ། ཕྱོགས་གཉིས་ཀའི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ། མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས།“ཀྲུང་གོ་དང་ཁྲའོ་ཞན་གྱི་མཛའ་མཐུན་ལོའི”བྱེད་སྒོ་ཁག་མཉམ་དུ་ཡག་པོ་གཉེར་རྒྱུ་ཡིན།

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ཕྱོགས་དང་མཉམ་དུ། འཕེལ་རྒྱས་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་ཕྱོགས་གཉིས་ཀའི་མཉམ་ལས་ཟབ་སྤེལ་བྱས་ནས། ཀྲུང་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་ནང་སྙིང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་འདོད་ཡོད།

ཅིན་ཀྲིན་ཨིན་གྱིས་ཀྲའོ་ལེ་ཅི་བརྒྱུད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་དང་སྨོན་འདུན་བཟང་པོ་བསྐུར། ཅིན་ཀྲིན་ཨུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གུང་ཀྲུང་དབྱང་གི་མངགས་བཅོལ་ལྟར་དུ། ཀྲུང་གོའི་ཏང་སྲིད་འཐུས་ཚབ་ཚོགས་པས་ད་ཐེངས་ཁྲའོ་ཞན་དུ་འཚམས་འདྲི་བྱས་པ་དང་འབྲེལ་ཏེ།“ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་ལོའི”འགོ་རྩོམ་མཛད་སྒོའི་བྱེད་སྒོར་ཞུགས་པ་དེའི་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་གཏོང་འདོད་ཀྱི་བརྩེ་སེམས་གང་ལེགས་སྒོས་མཚོན་ཐུབ་ལ། ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བའི་རྨང་གཞི་བརྟན་པོ་ཡོད་པའང་མཚོན་ཐུབ།

ཅིན་ཀྲིན་ཨིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཀྲུང་གོའི་སྤྱི་ཚོགས་རིང་ལུགས་བྱ་གཞག་ལ་ཐོབ་པའི་འཕེལ་རྒྱས་གྲུབ་འབྲས་ལ་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བར་ལོ་རྒྱུས་ཀྱི་སྲོལ་རྒྱུན་རྨང་གཞི་བརྟན་པོ་མངའ་བས། འགོག་རྐྱེན་ཇི་འདྲར་འཕྲད་ཀྱང་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད།  ཁྲའོ་ཞན་དང་ཀྲུང་གོའི་བར་གྱི་སྲོལ་རྒྱུན་མཛའ་མཐུན་མཉམ་ལས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་རྒྱུ་ནི། ཁྲའོ་ཞན་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་བྱེད་ཕྱོགས་ཤིག་ཡིན། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དུས་རབས་གསར་པའི་བླང་བྱ་ལྟར་དུ། རྒྱུན་ཆད་མེད་པར་དུས་རིམ་གསར་པ་དང་སྔར་ལས་མཐོ་བའི་ཆུ་ཚད་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད། ད་ལོ་ནི་ཁྲའོ་ཞན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པ་དང་།“ཁྲའོ་ཞན་དང་ཀྲུང་གོའི་མཛའ་མཐུན་ལོ”ཡིན་པས། ཁྲའོ་ཞན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཁྱབ་ཁོངས་སོ་སོའི་མཉམ་ལས་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། སྲོལ་རྒྱུན་གྱི་མཛའ་བརྩེ་སྔར་ལས་ཇེ་དམ་དུ་བཏང་ནས། ཁྲའོ་ཞན་དང་ཀྲུང་གོའི་འབྲེལ་བའི་ལེའུ་གསར་པ་འབྲི་འདོད་ཡོད་པར་ནན་གྱིས་བསྟན།

འཐུས་ཚབ་ཚོགས་པ་ཕིན་རང་དང་བྲལ་སྐབས། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ཨུའམ་ཆེས་མཐོ་མི་དམངས་གྲོས་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚུའེ་ལུང་ཧའེ་སོགས་གནམ་གྲུ་འབབ་ཚིགས་སུ་འབྱོར་ནས་སྐྱེལ་མ་གནང་།

ཚེས13ཉིན་གྱི་ཕྱི་དྲོར། ཀྲའོ་ལེ་ཅི་ཡིས་ཁྲའོ་ཞན་དུ་སྡོད་པའི་གཞུང་ཚབ་ཁང་གི་དཔོན་མི་དང་ཁྲའོ་ཞན་དུ་ཡུལ་སྐོར་བྱེད་པའི་ཀྲུང་གོ་བའི་འཐུས་མིར་འཚམས་འདྲི་གནང་།  །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།