ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སི་ལོ་ཧྥ་ཁེའི་གསར་བསྐོས་ཙུང་ཐུང་ལ་གློག་འཕྲིན་བཏང་ནས་རྟེན་འབྲེལ་ཞུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པིས་ཏི·ཕེ་ལེ་ཀི་ལིས་ཉི་ལ་གློག་འཕྲིན་བཏང་ནས། ཁོ་རང་སི་ལོ་ཧྥ་ཁེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་སི་ལོ་ཧྥ་ཁེའི་བར་སྲོལ་རྒྱུན་མཛའ་བརྩེ་ཟབ་མོ་ལྡན་ལ། དུས་ཡུན་རིང་མོའི་འཕེལ་རིམ་ཁྲོད་རྒྱལ་ཁབ་གཉིས་ཀའི་མཛའ་བརྩེ་འབྲེལ་བ་སྔར་ལས་ཇེ་དམ་དུ་ཕྱིན་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བས་འཕེལ་རྒྱས་ཀྱི་ཁ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་པ་དང་། ཁྱབ་ཁོངས་སོ་སོར་མཉམ་ལས་ཀྱི་མདུན་ལམ་རྒྱ་ཆེན་པོ་ལྡན། ད་ལོ་ནི་ཀྲུང་གོ་དང་སི་ལོ་ཧྥ་ཁེའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན་ལ། ཕྱོགས་གཉིས་ཀའི་འབྲེལ་བ་འཕེལ་རྒྱས་གཏོང་བར་གལ་ཆེ་བའི་གོ་སྐབས་གསར་པ་ལྡན། ངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཙུང་ཐུང་ཕེ་ལེ་ཀི་ལིས་ཉི་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་སྲོལ་རྒྱུན་མཛའ་མཐུན་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་སྔར་ལས་ཇེ་ཆེར་བཏང་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་བར་གྱི་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ་དང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་སྔར་ལས་ལེགས་པའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་གང་ལེགས་བསྐྲུན་འདོད། །


 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།