ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་སྨན་བཅོས་འགན་སྲུང་རོགས་སྐྱོར་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་གྱུར་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྨན་བཅོས་རོགས་སྐྱོར་ནི་རང་རྒྱལ་སྨན་བཅོས་འགན་སྲུང་མ་ལག་ཁྲོད་རྨང་རྡོ་ལྟ་བུའི་བྱེད་ནུས་འདོན་པའི་ལམ་ལུགས་བཀོད་སྒྲིག་ཅིག་ཡིན་ལ། སྨན་བཅོས་རོགས་སྐྱོར་བྱ་ཡུལ་ལ་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འགན་སྲུང་བྱེད་པ་ཡིན། གསར་འགོད་པས་ཉེ་སྔོན་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། 2003ལོ་དང2005ལོར་སོ་སོར་ཞིང་སྡེ་དང་གྲོང་ཁྱེར་དུ་རྒྱལ་ཁབ་སྨན་བཅོས་འགན་སྲུང་རོགས་སྐྱོར་ཚོད་ལྟའི་ས་ཚིགས་སྤེལ་བའི་ཚུན། ལོ་ངོ20ལྷག་གི་འཕེལ་རྒྱས་བརྒྱུད། རྒྱལ་ཁབ་སྨན་བཅོས་འགན་སྲུང་གི་སྨན་བཅོས་རོགས་སྐྱོར་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་གྱུར་ཏེ། མི་ཚོགས་སྔར་ལས་མང་པོར་ཁྱབ་པ་དང་། དཀའ་ངལ་མང་ཚོགས་ཀྱི་གསལ་འབྱེད་སྔར་བས་གནད་ཁེལ་དུ་གྱུར་ཞིང་། རོགས་སྐྱོར་དངོས་འབེབས་སྔར་བས་ནུས་མཐོར་གྱུར་ཡོད།

ལོ་ངོ20རིང་། རོགས་སྐྱོར་གཞི་ཁྱོན་སྔར་བས་ཇེ་ཆེར་གྱུར་ཡོད། རྒྱལ་ཁབ་སྨན་བཅོས་འགན་སྲུང་གི་སྨན་བཅོས་རོགས་སྐྱོར་བྱ་ཡུལ་ནི་དེ་སྔའི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་ཁྱད་དབུལ་མི་སྣ་ཡིན་པ་ནས། མ་མཐའི་འཚོ་བའི་འགན་སྲུང་མཐའ་ཁུལ་གྱི་ཁྱིམ་མི་དང་དབུལ་ལོག་འགོག་པའི་བརྟག་བཤེར་བྱ་ཡུལ། འགྲོ་གྲོན་ཆེ་བའི་དཀའ་ངལ་ཁྱིམ་ཚང་ཁྲོད་ཆ་རྐྱེན་དང་འཚམ་པའི་ནད་གཞི་ལྕི་མོ་ཕོག་པའི་མི་སྣ་བཅས་ལ་ཁྱབ་ཡོད། རོགས་སྐྱོར་སྤྱིའི་མི་ཐེངས2005ལོའི་མི་ཐེངས་ཁྲི969ནས20123ལོའི་མི་ཐེངས་དུང་ཕྱུར2.5ལ་འཕར་བ་དང་། འཕར་ཚད་ལྡབ25ལ་སླེབས་ཡོད། ལྷག་པར་དུ2018ལོའི་ཚུན་དུ། ཀྲུང་དབྱང་གི་བཀོད་སྒྲིག་ལྟར། སྨན་བཅོས་རོགས་སྐྱོར་གྱིས་ཡིག་ཚགས་བཟོས་པའི་དབུལ་ཕོངས་མི་གྲངས་དང་དབུལ་ལོག་འགོག་པའི་བརྟག་བཤེར་བྱ་ཡུལ་བཅས་འགན་སྲུང་ཁྱབ་ཁོངས་སུ་བཞག་སྟེ། རོགས་སྐྱོར་མི་ཐེངས2017ལོའི་མི་ཐེངས་ཁྲི9100ནས་མི་ཐེངས་དུང་ཕྱུར2.5ལ་སླེབས་པ་དང་། ལོ6རིང་ལྡབ2ཙམ་འཕར་ཡོད།

རོགས་སྐྱོར་ཆུ་ཚད་སྔར་ལས་ཇེ་མཐོར་སོང་ཡོད། རྒྱལ་ཁབ་སྨན་བཅོས་འགན་སྲུང་གི་རོགས་སྐྱོར་ལམ་ལུགས་དེ་འཐུས་ཚང་དུ་གཏོང་བའི་གོ་རིམ་ཁྲོད། རོགས་སྐྱོར་བྱ་ཡུལ་ཁྱིམ་ཚང་གི་དཀའ་ངལ་ལ་གཞིགས་ཏེ། རིགས་བཀར་ནས་རོགས་སྐྱོར་ཚད་གཞི་ཞིབ་ཕྲར་བཟོས་ཡོད། མིག་སྔར། ས་ཁུལ་མང་ཆེ་བས་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་དང་ཁྱད་དབུལ་མི་སྣའི་ཚད་གཞི་མེད་པར་བཟོས་ནས། རོགས་སྐྱོར་བསྡུར་གྲངས་དང་རོགས་སྐྱོར་ཆེས་མཐོ་ཚད་གཞི་ཇེ་མཐོར་བཏང་སྟེ། རོགས་སྐྱོར་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་ཡོད། 2005ལོ་ནས2023ལོའི་བར་དུ། སྨན་བཅོས་རོགས་སྐྱོར་མ་དངུལ་གྱི་འགྲོ་གྲོན་དེ་སྒོར་དུང་ཕྱུར13.8ནས་སྒོར་དུང་ཕྱུར745ལ་ཇེ་མང་དུ་སོང་ཞིང་། འཕར་ཚད་ལྡབ50ལྷག་ཡིན་པ་དང་དེ་རོགས་སྐྱོར་མི་ཐེངས་ལས་ཆེས་མང་བ་ཡིན།

རོགས་སྐྱོར་ཁྱབ་རྒྱ་སྔར་ལས་ཇེ་ཆེར་སོང་ཡོད། ལོ་ངོ20རིང་། སྨན་བཅོས་རོགས་སྐྱོར་རིམ་བཞིན་ནད་གཞི་ལྕི་མོ་ནས་དལ་བའི་རང་བཞིན་གྱི་ནད་གཞི་ཕོག་པའི་ནད་པར་ཕྱོགས་ཡོད་ལ། སྔར་གྱི་ཞག་སྡོད་དང་སྒོ་བསྟེན་ལས་གཞི་དགར་བ་དང་མ་དངུལ་སོ་སོར་དོ་དམ་བྱེད་པ་ནས་མ་དངུལ་ཐུན་མོང་བེད་སྤྱོད་དུ་ལེགས་སྒྲིག་བྱས་ཡོད། དུས་མཚུངས་སུ། སྨན་བཅོས་འགན་སྲུང་སྡེ་ཁག་གིས་སྨན་བཅོས་རོགས་སྐྱོར་ཕྱོགས་ཀྱི་ཞབས་ཞུ་ནུས་པ་སྔར་ལས་ཇེ་ཆེར་སོང་ཡོད། མིག་སྔར། སྨན་བཅོས་འགན་སྲུང་སྡེ་ཁག་གིས་སྨན་བཅོས་འགྲོ་གྲོན་ཆེས་མང་པོའི་ནད་པའི་བརྟག་བཤེར་ལམ་ལུགས་བཙུགས་ཏེ། ཧུར་ཐག་གིས་སྨན་བཅོས་རོགས་སྐྱོར་ལས་སྒྲུབ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་བ་བརྒྱུད། སྔ་མོ་ནས་དཀའ་ངལ་མང་ཚོགས་རྙེད་པ་དང་སྔ་མོ་ནས་རོགས་སྐྱོར་ཐོབ་ཐང་དངོས་འབེབས་བྱེད་པ་བརྩོན་ལེན་བྱས་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།