ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིམས་འཛིན་པུའུ་ཡིས་ན་ནིང་ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་གྱོད་དོན་ཁྲི29.3ཐག་གཅོད་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ་ཁྱབ་བསྒྲགས་བྱས་པའི་ཁྲིམས་འཛིན་པུའུ་ཡི2023ལོའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་ལོ་འཁོར་སྙན་ཞུ་ལས་མངོན་པ་ལྟར་ན། 2023ལོར་རིམ་པ་སོ་སོའི་སྲིད་འཛིན་བསྐྱར་གྲོས་ལུས་ཁོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་དོན་ལ་བབས་སར་བརྩིས་ནས། རྒྱལ་ཡོངས་སུ་གསར་དུ་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་དོན་ཁྲི31.5གསར་དུ་བསྡུས་ཡོད་པ་དེ་དུས་མཚུངས་ལས17.1%འཕར་བ་དང་། སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་དོན་ཁྲི་29.3ཁྲིམས་ལྟར་ཐག་གཅོད་བྱས་པ་དེ་ལོ་གོང་མའི་དུས་མཉམ་ལས14.45%འཕར་ཡོད། དེའི་ནང་དུ་ཁྲིམས་འཛིན་པུའུ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་དོན4644ཐག་གཅོད་བྱས།

སྙན་ཞུའི་ཁྲོད་ཁྲིམས་འཛིན་པུས་སྲིད་འཛིན་བསྐྱར་གྲོས་ཀྱི་སྤུས་ཚད་དང་ཕན་འབྲས་མུ་མཐུད་ཆེ་རུ་བཏང་ནས། རིམ་པ་སོ་སོའི་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་ཁྲིམས་ལྟར་དམངས་འཚོའི་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་དོན་ཁྲི་6.38དང་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་འཛིན་བསྐྱར་གྲོས་ཀྱི་གྱོད་དོན་ཁྲི3ལྷག་བསྒྲུབ་པར་མཛུབ་ཁྲིད་བྱས། 2023ལོར་རྒྱལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་ཀྱིས་འདུམ་འགྲིག་བྱེད་ཐབས་ལ་བརྟེན་ནས་གྱོད་དོན་ཁྲི3.7ཐག་གཅོད་བྱས་པས། སྲིད་འཛིན་གྱི་རྩོད་གཞི་མང་པོ་ཞིག་ངོ་བོའི་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱས། སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་གྱི་འབྲེལ་མཐུད་གཞོགས་འདེགས་ལ་ཤུགས་བསྣན་ནས། གཏུག་བཤེར་གྱི་འབྱུང་རྩ་བཅོས་སྐྱོང་བྱེད་པའི་ལས་དོན་གཏིང་ཟབ་ཏུ་གཏོང་བའི་མཉམ་ཤུགས་ཤིག་ཆགས་པར་བྱས། སྲིད་འཛིན་བསྐྱར་གྲོས་ཆ་འཕྲིན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་རྒྱལ་ཡོངས་ཀྱི་སྲིད་འཛིན་བསྐྱར་གྲོས་ཀྱི“དྲ་བ་གཅིག”ཕལ་ཆེར་ཆགས་ཡོད།

ཁྲིམས་ལྟར་སྲིད་འཛིན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་སྲིད་འཛིན་བསྐྱར་གྲོས་ལས་ཁུངས་རིམ་པ་སོ་སོས་ལོ་ཧྲིལ་པོར་ཕྱིར་འཐེན་དང་འཕོ་འགྱུར། ཁྲིམས་འགལ་ངོས་འཛིན་གཏན་འཁེལ། ལག་བསྟར་བྱེད་དགོས་པའི་ཆོད་དོན་སོགས་ནོར་འཁྲུལ་ཡོ་བསྲང་བྱ་རྒྱུའི་ཆོད་དོན་ཁྲི2.73བཞག་སྟེ་ནོར་འཁྲུལ་ཡོ་བསྲང་བྱེད་ཚད12.83%ཟིན་ཡོད། རྒྱལ་ཡོངས་སུ་སྲིད་འཛིན་བསྐྱར་གྲོས་བསམ་འཆར་ཡི་གེ་དང་གྲོས་འགོའི་ཡི་གེ་བསྡོམས་པས3800ལྷག་བཟོས་ནས།“གྱོད་དོན་གཅིག་བསྒྲུབས་ན་དེ་ཚད་དང་མཐུན་པར”བྱས་ཏེ་འབྱུང་རྩ་ནས་ཁྲིམས་ལྟར་སྲིད་འཛིན་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།