ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུའུ་ཡིས་བརྡ་སྦྱོར་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འཚོ་བ་བཀྲེན་པོ་སྐྱེལ་ནས་ལྷོད་ཡངས་མི་གཏོང་བར་ལྟ་སྐུལ་བྱས།

ཡོང་ཁུངས། : མི་དམངས་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུའུ་ཡིས་ཉེ་ལམ་བརྡ་སྦྱོར་བཏང་ནས། སྔོན་རྩིས་ཚོད་འཛིན་བྱེད་ཕྱོགས་ལ་ཤུགས་བསྣན་ཏེ། ཀྲུང་དབྱང་སྡེ་ཁག་དང་ས་གནས་ནོར་སྲིད་ཀྱིས་ཏང་སྲིད་གཞུང་ལས་ཁུངས་ཀྱིས་འཚོ་བ་བཀྲེན་པོ་སྐྱེལ་རྒྱུར་གོམས་ལོབས་བྱེད་པ་དངོས་འབེབས་བྱེད་པར་བླང་བྱ་གསལ་བོ་དྲུག་བཏོན་ནས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་འཚོ་བ་བཀྲེན་པོ་སྐྱེལ་ནས་ལྷོད་ཡངས་མི་གཏོང་བར་ལྟ་སྐུལ་བྱས།

གཅིག་ནི“གཞུང་གསུམ”གྱི་འགྲོ་གྲོན་ལག་བསྟར་ལ་སྔར་བས་གཟབ་ནན་གྱིས་ཚད་བཅད་དོ་དམ་བྱེད་དགོས། སྲིད་འཛིན་དང་གཞུང་ཞབས་ལས་ཁུངས་ཀྱིས་ནོར་སྲིད་མ་ཡིན་པའི་མ་དངུལ་བཏང་ནས་གཞུང་དོན་དུ་རྒྱལ་ཁོངས་བརྒལ་བའི་འགྲོ་གྲོན་བཀོད་སྒྲིག་བེད་སྤྱོད་བྱས་མི་ཆོག་པ་དང་། གཞུང་ཞབས་རླངས་འཁོར་བཀོལ་རྒྱུར་ཚད་གཞི་བརྒལ་བའི་གནས་གོང་མཐོ་བའི་རླངས་འཁོར་གླ་རྒྱུ་གཏན་འགོག་བྱས་ནས་རླངས་འཁོར་འཁོར་སྐྱོད་ཀྱི་འགྲོ་གྲོན་ཇེ་དམའ་རུ་གཏོང་དགོས། གཞུང་དོན་སྣེ་ལེན་ཁྲོད་མི་གྲངས་རྫུན་ཞུ་དང་སྒྲིག་འགལ་ངང་འགྲོ་རོགས་ཁ་སྣོན་བྱེད་པ་སོགས་ཀྱི་བྱེད་ཐབས་ཀྱིས་གཞུང་དོན་སྣེ་ལེན་འགྲོ་གྲོན་རྩིས་ལེན་བྱེད་པ་གཏན་འགོག་བྱེད་དགོས།

གཉིས་ནི་སྤྱིར་བཏང་རང་བཞིན་གྱི་འགྲོ་གྲོན་ལ་ཚོད་འཛིན་ནན་མོ་བྱེད་དགོས། ཀྲུང་དབྱང་སྡེ་ཁག་གིས་སྣེ་ཁྲིད་དེ་གླེང་སྟེགས་དང་དུས་ཆེན། འགྲེམ་ཚོགས་སོགས་ཀྱི་བྱ་འགུལ་གྱི་འགྲོ་གྲོན་ཚད་མཐོན་པོས་ཇེ་ཉུང་དུ་གཏོང་དགོས། བྱ་འགུལ་སྤེལ་སྐབས་དང་དོད་མི་བྱེད་པར་གང་ནུས་ཀྱིས་འགྲོ་གྲོན་གྲོན་ཆུང་བྱེད་དགོས། གྲོས་ཚོགས་དང་གསོ་སྦྱོང་སོགས་གཞུང་དོན་བྱ་འགུལ་ལ་ཐོག་མར་ལས་ཁུངས་ནང་ཁུལ་གྱི་གྲོས་ཚོགས་ཁང་དང་ཚོམས་ཆེན་སོགས་ཀྱི་གནས་ཡུལ་བེད་སྤྱོད་བྱེད་དགོས་ལ། བརྙན་ལམ་དང་ཁ་པར། དྲ་བ་སོགས་དྲ་ཐོག་རྣམ་པའི་གཞུང་དོན་བྱ་འགུལ་སྤྱོད་པར་སྐུལ་ལྕག་བྱེད་དགོས།

གསུམ་ནི་སྔོན་རྩིས་ཚོད་འཛིན་དང་ལག་བསྟར་ལྟ་སྐུལ་ལ་ཤུགས་སྣོན་བྱེད་དགོས། སྔར་ལས་ལྷག་པར་སྔོན་རྩིས་དཔྱད་འཇོག་སྤེལ་ནས། ལས་གཞི་སྙན་ཞུའི་སྔོན་དཔག་མཐོ་རྩིས་དང་འབྲེལ་མེད་ནང་དོན་ཁ་སྣོན་སོགས་ཀྱི་གནད་དོན་གཏན་འགོག་བྱེད་པ་དང་། སྒྲིག་འགལ་དང་རྒྱུན་ལྡན་མིན་པའི་འགྲོ་གྲོན། ཐོལ་བྱུང་དངུལ་སྤྱོད་ཀྱི་བྱ་སྤྱོད་ལ་ལྟ་སྐུལ་ཚོད་འཛིན་བྱེད་ཇུས་ཇེ་ཆེར་གཏོང་བ་དང་། དོགས་གནད་རྙེད་ཚེ་རྒྱུན་ལྡན་ཞིབ་བཤེར་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྒོ་ནས་ནོར་སྲིད་མ་དངུལ་གཙང་བཤེར་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ། མ་དངུལ་ལྷག་མ་རྣམས་དམངས་འཚོར་འགན་སྲུང་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པར་སྤྱོད་དགོས།

བཞི་ནི་ནན་ཏན་སྒོས་འགྲོ་འགྲོན་དོ་དམ་བྱས་ནས“འགན་ལེན་གསུམ”གྱི་ཚད་མཐའ་བརྟན་སྲུང་བྱེད་དགོས། གཞི་རིམ་གྱི“འགན་ལེན་གསུམ”གྱི་རིམ་བགར་འགན་འཁྲི་མ་ལག་འཐུས་ཚང་དུ་གཏོང་བར་ཤུགས་སྣོན་པ་དང་། ས་ཁུལ་སོ་སོས་དམིགས་བསལ་གྱིས་ནོར་སྲིད་མ་དངུལ་སྟོབས་ཤུགས“འགན་ལེན་གསུམ”ལ་བཀོལ་རྒྱུ་རྒྱུན་འཁྱོངས་བྱས་ནས། ལག་བསྟར་ཚོད་འཛིན་ཤུགས་དྲག་ཏུ་གཏོང་བ་དང་།“འགན་ལེན་གསུམ”གྱི་མ་དངུལ་གཞན་བཀོལ་སྣུར་སྤྱོད་བྱེད་པ་གཏན་འགོག་བྱེད་པ།“འགན་ལེན་གསུམ”གྱི་ཐད་ཉེན་ཁ་གནས་པའི་ས་ཁུལ་གྱིས་ནོར་སྲིད་འགྲོ་གྲོན་དང་ནོར་མཛོད་སྔོན་སྤྲོད་བྱེད་པར་ལྟ་སྐུལ་ཚོད་འཛིན་ནན་མོ་བྱེད་དགོས།

ལྔ་ནི་སྔོན་རྩིས་བྱས་འབྲས་དོ་དམ་ལ་ཤུགས་སྣོན་དགོས། སྲིད་ཇུས་དང་ལས་གཞི་གལ་ཆེན་ལ་མུ་མཐུད་དུ་སྔོན་ཚུད་དཔྱད་དཔོག་སྤེལ་བར་ནན་བཤད་བྱེད་དགོས་ཤིང་། མགོ་ཁུངས་ནས་ལས་གཞི་འཛུགས་པའི་དོ་དམ་ལ་གཟབ་ནན་བྱེད་པ་དང་། བྱས་འབྲས་དམིགས་ཚད་དོ་དམ་ལ་ཤུགས་བསྣན་ཏེ། སྔར་ལས་ལྷག་པར་བྱས་འབྲས་དམིགས་ཚད་ཀྱིས་ནོར་སྲིད་མ་དངུལ་བེད་སྤྱོད་ཀྱི་སྣེ་ཁྲིད་ཚོད་འཛིན་བྱེད་ནུས་འདོན་སྤེལ་བྱེད་དགོས། བྱས་འབྲས་ལྟ་སྐུལ་ཚོད་འཛིན་བྱེད་པ་བརྒྱུད་སྔོན་རྩིས་ལག་བསྟར་ཁྲོད་ཀྱི་ནོར་འཁྲུལ་དང་སྐྱོན་ཆ་ཁ་གསབ་བྱས་ནས། དུས་ལྟར་བྱེད་ཐབས་སྤྱད་དེ་ཡོ་བསྲང་བྱེད་དགོས། སྤུས་ཚད་མཐོ་བའི་སྒོ་ནས་བྱས་འབྲས་དཔྱད་འཇོག་སྤེལ་ཏེ། བྱས་འབྲས་དཔྱད་འཇོག་མཇུག་འབྲས་བེད་སྤྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། 

དྲུག་ནི་ནོར་སྲིད་སྒྲིག་ཁྲིམས་གཟབ་ནན་དུ་གཏོང་དགོས། ནོར་སྲིད་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་རྩད་གཅོད་གཟབ་ནན་དུ་གཏོང་བར་ཤུགས་སྣོན་དགོས་ལ། ལས་ཁུངས་སོ་སོས“གལ་ཆེན་གསུམ་དང་ཆེན་མོ་གཅིག”གི་ཇུས་ཆོད་ལམ་སྲོལ་དངོས་འབེབས་ལག་བསྟར་བྱེད་པར་བླང་བྱ་གསལ་བོ་བཏོན་ནས། སྔོན་རྩིས་དོ་དམ་གྱི་གོ་རིམ་སོ་སོ་མི་རེ་རེར་འགན་དཀྲི་བྱེད་དགོས། མུ་མཐུད་དུ་ནོར་དོན་རྩིས་གཉེར་གྱི་ལྟ་སྐུལ་མཐོ་གནོན་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། སྒྲིག་འགལ་ངང་རྩིས་ཐོ་འགོད་པ་དང་རང་དགར་བཀག་ཉར་བྱེད་པ། ཁྲིམས་འགལ་གཞན་བཀོལ་སོགས་ཀྱི་གནད་དོན་འགོག་ཟོན་དང་རྩད་གཅོད་བྱས་ཏེ། སྤྱི་བསྒྲགས་དང་ཐག་གཅོད་ནུས་པ་ཇེ་ཆེར་གཏོང་བ་དང་། ཉེན་སྟོན་འཇིགས་སྐྱེད་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས།

ནོར་སྲིད་པུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་བསྟན་དོན། ནོར་སྲིད་པུའུ་ཡིས་མུ་མཐུད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྲི་ཚགས་ལག་ལེན་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་སྲིད་ལས་ཁུངས་ཀྱིས་མཐའ་གཅིག་ཏུ་འཚོ་བ་བཀྲེན་པོ་སྐྱེལ་བའི་བླང་བྱ་ལག་བསྟར་བྱས་ནས། ཀྲུང་དབྱང་ནོར་སྲིད་ཀྱིས་སྣེ་ཁྲིད་དེ་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་། མུ་མཐུད་དུ་ལམ་ལུགས་བྱེད་ཐབས་འཐུས་ཚང་དུ་བཏང་སྟེ། འཚོ་བ་བཀྲེན་པོ་སྐྱེལ་བ་དེ་སྔོན་རྩིས་བཀོད་སྒྲིག་དང་སྔོན་རྩིས་ལག་བསྟར་བྱེད་པར་རང་འགུལ་གྱིས་བརྩི་སྲུང་བྱེད་པའི་རྩ་དོན་ཞིག་ཏུ་འགྱུར་བར་བྱེད་པ་དང་། ནོར་སྲིད་ཆེན་མོ་དམངས་འཚོར་བཀོལ་བ་དང་ནོར་སྲིད་ཆུང་བར་སྲིད་ཚགས་བྱས་ནས། དུས་ཡུན་རིང་པོར་འཚོ་བ་བཀྲེན་པོ་སྐྱེལ་བའི་ཁ་དབུགས་ལེགས་པོ་ཆགས་སུ་འཇུག་དགོས་པར་བསྟན། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།