ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས《སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཞིབ་ཐེངས་གཉིས་པའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བྱས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ནས《སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་སྐོར་ཞིབ་ཐེངས་གཉིས་པའི་སྐོར་ཞིབ་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་མགོ་འཛིན་གནང་།

གྲོས་ཚོགས་སྟེང་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་ཚུན་གྱི། ཀྲུང་དབྱང་སྐོར་ཞིབ་ཐེངས་གཉིས་པར་བཀོད་སྒྲིག་གང་ལེགས་བྱས་ཏེ། ཀྲུང་དབྱང་གིས་དོ་དམ་བྱེད་བཞིན་པའི་ཁེ་ལས་ཚང་མར་ཁྱབ་པར་བྱས། སྐོར་ཞིབ་ལ་བལྟས་ན། ཀྲུང་དབྱང་གིས་དོ་དམ་བྱེད་ཀྱིན་པའི་ཁེ་ལས་དང་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་ཏང་འཛུགས་ལས་དོན་ལ་ཤུགས་སྣོན་ཐེབས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པར་གྲུབ་འབྲས་གསར་པ་ཐོབ་ཡོད་ནའང་། ད་དུང་གནད་དོན་ཁ་ཤས་གནས་ཡོད་པའི་དབང་གིས། ངེས་པར་དུ་ཆབ་སྲིད་ཀྱི་སྟེང་ནས་ཚད་མཐོའི་མཐོང་ཆེན་བྱེད་རྒྱུ་དང་གཟབ་ནན་གྱིས་ཐག་གཅོད་བྱེད་དགོས། སྐོར་ཞིབ་དག་ཐེར་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱུ་དང་རང་བདག་འགན་འཁྲི་ཏན་ཏིག་ངང་སྒྲུབ་པ། གནད་དོན་གྱི་གསལ་ཐོ་དང་ལས་འགན་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་ཆ་ཚང་བཟོས་ནས། གནད་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་དང་ལས་དོན་ཚང་མར་དེ་བསྟུན་གྱི་དྲི་ལན་གསལ་བོ་ཡོད་པར་བྱེད་དགོས། སྐོར་ཞིབ་དག་ཐེར་ལྟ་སྐུལ་ལ་ཤུགས་བསྣན་ནས། གཙོ་གནད་མི་སྣ་དང་གཙོ་གནད་བྱ་བར་དམ་འཛིན་ལྷོད་མེད་བྱེད་རྒྱུ་དང་། གནད་དོན་རེ་རེ་བཞིན་རྩིས་ཁྲ་ཞིབ་བཤེར་བྱས་ནས་ཐོ་བསུབ་པ། དག་ཐེར་ཡོ་བསྲང་དང་འགན་འཁྲི་རྩད་གཅོད་ཀྱི་ལམ་སྲོལ་འཛུགས་པ། གཡོ་ཟོལ་སླ་བཅོས་ཀྱི་སྒོ་ནས་དག་ཐེར་ཡོ་བསྲང་དང་དག་ཐེར་ཡོ་བསྲང་རྫུན་མ་བྱེད་པར་འགན་འཁྲི་རྩད་གཅོད་ནན་མོ་བཅས་བྱེད་དགོས།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། རྒྱལ་དབང་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་གཏིང་ཟབ་བྱེད་པ། འགན་འཁྲི་དང་ལས་འགན་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ནས། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་གང་ལེགས་བྱས་ཏེ། སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་གཏོང་བ་དང་ཚད་མཐའི་བསམ་གཞིག་རྒྱུན་འཁྱོངས་བྱེད་པ། ཉེན་ཁ་འགོག་ཟོན་མཐའ་གཅིག་ཏུ་བྱེད་པ། ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས། གཟབ་ནན་གྱི་བསམ་ཕྱོགས་དང་དང་གཟབ་ནན་གྱི་བྱེད་ཐབས། གཟབ་ནན་གྱི་རྣམ་པ་བཅས་ཡུན་རིང་རྒྱུན་འཁྱོངས་བྱས་ཏེ། “མགོ་ཁྲིད་གཙོ་བོ”དང་མགོ་ཁྲིད་ཚན་ཁག་གི་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་པ་དང་། རུལ་སུངས་ལ་ཆད་པ་གཅོད་པའི་མཐོ་གནོན་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་པ། གྱོད་གཞིར་བརྟེན་ནས་བཅོས་སྒྲིག་ལ་སྐུལ་འདེད་དང་གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ཟབ་སྤེལ་བཅས་བྱས་ནས། རུལ་སུངས་ཐོན་སའི་ས་རྒྱུ་དང་ཆ་རྐྱེན་མཐའ་གཅིག་ཏུ་མེད་པར་བཟོ་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ནན་ཏན་བྱེད་རྒྱུ་དང་། མགོ་ཁྲིད་ཚན་ཁག་འཛུགས་སྐྲུན་ལ་ཤུགས་སྣོན་པ། ལས་བྱེད་པ་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ལེགས་སྐྱོང་བཅས་བྱེད་པར་ཤུགས་སྣོན་རྒྱག་དགོས། སྐོར་ཞིབ་བྱས་འབྲས་ལ་ཕྱོགས་བསྡུས་ཀྱི་སྒོ་ནས་བེད་སྤྱོད་ཡག་པོ་བྱེད་རྒྱུ་དང་། སྐོར་ཞིབ་བྱེད་པའི་སྐབས་ཤེས་རྟོགས་བྱུང་བའི་ཐུན་མོང་རང་བཞིན་གྱི་གནད་དོན་དང་གཏིང་རིམ་གྱི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་ཡང་དག་བྱེད་པ། ལམ་ལུགས་དང་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ། རྩ་ལག་མཉམ་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།