ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ《ངེས་པར་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས》ཞེས་པ་སྤེལ་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས1ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས7པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ《ངེས་པར་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་དགོས》ཞེས་པ་སྤེལ། རྩོམ་ཡིག་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི2012ལོའི་ཟླ11པ་ནས2023ལོའི་ཟླ12པའི་བར་གྱི་རྣམ་བཤད་གལ་ཆེན་དག་གནད་བཏུས་ཞེས་པ་ཡིན།

རྩོམ་ཡིག་ལས་མི་དམངས་ནི་ལོ་རྒྱུས་གསར་གཏོད་བྱེད་མཁན་དང་མི་དམངས་ནི་དཔའ་བོ་ངོ་མ་ཡིན། རང་རེའི་ཏང་ནི་མི་དམངས་ལས་བྱུང་བ་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་ཤིང་། མི་དམངས་ལ་ཞབས་འདེགས་ཞུ་བ་ཡིན་པས། ཏང་གི་རྨང་རྟེན་དང་ཁྲག་རྩ། སྟོབས་ཤུགས་བཅས་ཚང་མ་མི་དམངས་ཁོ་ན་ཡིན། མི་དམངས་ནི་ང་ཚོའི་ཏང་གིས་སྲིད་སྐྱོང་བའི་གདིང་ཤུགས་ཆེ་ཤོས་དང་ང་ཚོ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨང་རྟེན་བརྟན་པོ་ཡིན་ལ། ང་ཚོས་ཏང་སྟོབས་ལྡན་དུ་གཏོང་བ་དང་རྒྱལ་ཁབ་དར་རྒྱས་སུ་གཏོང་བའི་རྩ་བའང་ཡིན། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་ནི། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱ་རྒྱུ་དེ་ཡིན། ཐོག་མའི་བསམ་འདུན་དང་ལས་འགན་དེ་ནི་ཀྲུང་གོ་གུང་ཁྲན་ཏང་མི་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་མ་གཏོང་བའི་རྩ་བའི་སྒུལ་ཤུགས་ཡིན་ཞེས་ནན་གྱིས་བསྟན།

རྩོམ་ཡིག་ལས་རྒྱལ་སྲིད་ནི་མི་དམངས་ཡིན་ལ། མི་དམངས་ནི་རྒྱལ་སྲིད་ཡིན། རྒྱལ་སྲིད་བླངས་པ་དང་རྒྱལ་སྲིད་སྲུང་བ་ནི་དོན་དམ་དུ་མི་དམངས་ཀྱི་བསམ་འདུན་སྲུང་རྒྱུ་དེ་ཡིན། མི་དམངས་ཀྱི་ལངས་ཕྱོགས་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྩ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་དེ་སྲིད་ཏང་གཞན་དག་དང་དབྱེ་བ་འབྱེད་བྱེད་ཀྱི་རྟགས་མཚན་མངོན་གསལ་ཅན་ཞིག་ཀྱང་ཡིན། ཏང་ལ་མི་དམངས་ཀྱི་ཁེ་ཕན་མ་གཏོགས་རང་ཉིད་ཀྱི་དམིགས་བསལ་ཁེ་ཕན་ཅི་ཡང་མེད། ཏང་གི་ལས་དོན་ཐམས་ཅད་ནི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་བྱེད་རྒྱུ་དང་དེར་སྲུང་སྐྱོབ་ཡག་པོ་བྱེད་པ། དེ་འཕེལ་རྒྱས་གང་ལེགས་གཏོང་བ་བཅས་ཀྱི་ཆེད་དུ་ཡིན། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱ་རྒྱུ་དང་། མང་ཚོགས་ཀྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱི་རང་ཁྱིམ་རང་བདག་གི་གོ་གནས་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་དུས་རྣམ་ཀུན་ཏུ་རྒྱུན་འཁྱོངས་བྱེད་པ། མི་དམངས་དང་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུ་དང་། མི་དམངས་དང་གཅིག་སེམས་གཅིག་མཐུན་བྱེད་པ། མི་དམངས་ཀྱིས་བསམ་བློ་གཏོང་གིན་པར་བསམ་བློ་གཏོང་བ། མི་དམངས་ཀྱི་མངགས་བཅོལ་ཡག་པོར་སྒྲུབ་པ་བཅས་བྱས་ནས། མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་འབྱུང་བར་འབད་བརྩོན་བྱ་དགོས་ཞེས་བསྟན།

རྩོམ་ཡིག་ལས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་མི་དམངས་ནི་ཐག་གཅོད་རང་བཞིན་གྱི་སྟོབས་ཤུགས་ཤིག་ཡིན། མི་དམངས་ཡོངས་མཉམ་ཞུགས་དང་མཉམ་དུ་འཛུགས་སྐྲུན་བྱེད་པ། མཉམ་དུ་ལོངས་སྤྱོད་བཅས་བྱ་རྒྱུ་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་ལ། མི་དམངས་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་དང་བྱ་གཞག་ཆེན་པོ་མཉམ་སྒྲུབ་བྱེད་པར་རྩེ་གཅིག་ཏུ་བརྟེན་དགོས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གང་ལེགས་གཏོང་རྒྱུ་དང་། ཏང་གི་མགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ལམ་ལུགས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། མི་དམངས་ཡོངས་ཀྱི་བརྩོན་སེམས་དང་རང་རྟོགས་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དོན་འཁྱོལ་བྱེད་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་བརྟེན་ནས་མི་དམངས་ཡོངས་ལ་ཕན་སྔར་ལས་མང་པོ་ཐོབ་ཏུ་འཇུག་པ་དང་སྔར་ལས་དྲང་སྙོམས་ཀྱིས་ཁེ་ཕན་ཁ་ཐོབ་ཏུ་བཅུག་སྟེ། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐད་སྔར་ལས་འཕེལ་རྒྱས་མངོན་གསལ་ཅན་ཡོང་བར་འབད་དགོས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་ཆེན་པོ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ལ། དགེ་མཚན་ལྡན་པའི་རྒྱུ་རྐྱེན་ཡོད་ཚད་སྐུལ་སློང་གང་ལེགས་བྱས་ཏེ། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་བརྗིད་པོ་གཅིག་སྡུད་བྱེད་དགོས་ཞེས་བསྟན།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།