ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ཁེ་ལས་དང་བདེ་འཇགས་ཐོན་སྐྱེད་ཐད་རིགས་དགར་ལྟ་རྟོག་དོ་དམ་ལག་བསྟར་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཉེ་སྔོན་ཕྱི་ཕྱོགས་སུ《ཀྲུང་དབྱང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་རྟོག་དོ་དམ་བྱེད་ཐབས》སྒྲོག་སྤེལ་བྱས་ནས། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ཁེ་ལས་དང་བདེ་འཇགས་ཐོན་སྐྱེད་ཐད་རིགས་དགར་ལྟ་རྟོག་དོ་དམ་ལག་བསྟར་བྱེད་པ་གཏན་འཁེལ་གསལ་བོ་བྱས།

ཀྲུང་དབྱང་ཁེ་ལས་ཀྱིས་ཕྱོགས་ཡོངས་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཡུན་ནུས་རྐྱེན་སྲོལ་འཛུགས་པ། ཐོན་སྐྱེད་བདེ་འཇགས་དོན་རྐྱེན་ཇེ་ཉུང་དུ་གཏོང་བ་དང་སྔོན་འགོག་བྱེད་པར་དམིགས་པའི་ཡིག་ཆ་དེར་བསྡོམས་པས་ལེའུ་དྲུག་དང་དོན་ཚན་ང་གཅིག་ཡོད། དེའི་ནང་སྤྱིའི་རྩ་དོན་དང་། བདེ་འཇགས་ཐོན་སྐྱེད་བྱ་བའི་འགན་འཁྲི། བདེ་འཇགས་ཐོན་སྐྱེད་བྱ་བའི་གཞི་རྩའི་རེ་བ། བདེ་འཇགས་ཐོན་སྐྱེད་བྱ་བའི་སྙན་ཞུའི་ལམ་ལུགས། བདེ་འཇགས་ཐོན་སྐྱེད་ཀྱི་ལྟ་རྟོག་དོ་དམ་དང་ཆད་གཅོད། ཟུར་སྣོན་བཅས་འདུ། བྱེད་ཐབས་དེ་ཉིས་སྟོང་ཉེར་བཞི་ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

བྱེད་ཐབས་དེ་ལས་ཀྲུང་དབྱང་ཁེ་ལས་དག་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་དཔྱད་ཞིབ་གཏན་འཁེལ་བྱས་པའི་གཙོ་གཉེར་བྱེད་སྒོ་དང་བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་ཚད་ལྟར་རིགས་གསུམ་དུ་དགར་ཡོད་པ་གཏན་འཁེལ་གསལ་བོ་བྱས་ཡོད། རིགས་དང་པོ་ནི་གཙོ་བོ་རྡོ་སོལ་དང་རྡོ་སོལ་མ་ཡིན་པའི་གཏེར་ཁའི་སྔོག་འདོན་དང་། ཨར་ལས་བཟོ་སྐྲུན། ཉེན་ཁའི་དངོས་རྫས་ཀྱི་ཐོན་སྐྱེད་དང་ཚོང་གཉེར། གསོག་འཇོག སྐྱེལ་འདྲེན། བེད་སྤྱོད་བཅས་བྱེད་པ། འགྲིམ་འགྲུལ་སྐྱེལ་འདྲེན་དང་ལྕགས་རིགས་བཙོ་སྦྱངས། འཕྲུལ་ཆས། གློག་ཤུགས། བཟོ་སྐྲུན་རྒྱུ་ཆ། མཛོད་གསོག་སོགས་གཉེར་བའི་ཁེ་ལས་ཡིན་པ་དང་། རིགས་གཉིས་པ་ནི་གཙོ་བོ་གློག་རྡུལ་དང་སྨན་རྫས། འཁལ་འཐག གནས་སྐོར། འཕྲིན་གཏོང་སོགས་གཉེར་བའི་ཁེ་ལས་ཡིན་ལ། རིགས་གསུམ་པ་ནི་གོང་སྨྲས་ཀྱི་རིགས་དང་པོ་དང་གཉིས་པའི་ཁེ་ལས་མ་ཐེ་བའི་ཁེ་ལས་གཞན་པ་དག་ཡིན། བྱེད་ཐབས་ལས་ཁེ་ལས་དག་ལ་རིགས་དགར་ནས་དོ་དམ་བྱེད་པའི་བྱེད་ཐབས་ལག་བསྟར་བྱེད་པ་དང་། གཙོ་གཉེར་ཁེ་ལས་ཀྱི་ནང་དོན་འགྱུར་ལྡོག་དང་ཁེ་ལས་ཀྱི་རེ་ཞུ་གཞིར་བཟུང་ནས་ལེགས་སྒྲིག་བྱས་ཆོག་པའི་ཚུལ་བསྟན་ཡོད།

བྱེད་ཐབས་ལྟར་ན། རིགས་དང་པོའི་ཀྲུང་དབྱང་ཁེ་ལས་དང་། གཏེར་ཁར་འབྲེལ་བའི་ཀྲུང་དབྱང་ཁེ་ལས་སྡེ་ཚོགས་ཀྱི་སྤྱི་ཁྱབ་པུའུ་རུ་ཆེད་འགན་ཁུར་བའི་བདེ་འཇགས་ཐོན་སྐྱེད་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ་བཀོད་སྒྲིག་བྱེད་པ་དང་། དེའི་ཁོངས་སུ་གཏོགས་པའི་བདེ་འཇགས་ཉེན་ཁ་ཆེ་བའི་ཁེ་ལས་ཀྱིས་ཆེད་འགན་ཁུར་བའི་བདེ་འཇགས་ཐོན་སྐྱེད་ཀྱི་སྤྱི་ཁྱབ་ལྟ་ཞིབ་པའི་ལམ་ལུགས་ལག་བསྟར་བྱེད་དགོས། རིགས་གཉིས་པ་དང་རིགས་གསུམ་པའི་ཀྲུང་དབྱང་ཁེ་ལས་ཀྱི་ཁོངས་སུ་གཏོགས་པའི་བདེ་འཇགས་ཉེན་ཁ་ཅུང་མཐོ་བའི་ཁེ་ལས་ཀྱིས་ཆེད་འགན་ཁུར་བའི་བདེ་འཇགས་ཐོན་སྐྱེད་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་བཀོད་སྒྲིག་བྱེད་དགོས། བྱེད་ཐབས་ལས་བདེ་འཇགས་ཐོན་སྐྱེད་ཀྱི་སྤྱི་ཁྱབ་ལྟ་ཞིབ་པས་འགན་འཁྲི་དང་ལས་འགན་ལག་བསྟར་བྱེད་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད།

བདེ་འཇགས་ཐོན་སྐྱེད་ལྟ་རྟོག་དོ་དམ་དང་ཆད་གཅོད་ཐད་ནས་བྱེད་ཐབས་ལས་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་ཁེ་ལས་ལ་དཔྱད་ཞིབ་ཡུན་ཚད་ནང་བྱུང་བའི་ཐོན་སྐྱེད་བདེ་འཇགས་འགན་འཁྲིའི་དོན་རྐྱེན་ངོས་ལེན་གནས་ཚུལ་གཞིར་བཟུང་སྟེ། ཀྲུང་དབྱང་ཁེ་ལས་ཀྱི་འགན་ཁུར་བའི་ཚོང་གཉེར་ལས་འབྲས་དང་དཔྱད་ཞིབ་མཇུག་འབྲས་ཀྱི་རིམ་པ་ཇེ་དམའ་གཏོང་བའམ་སྐར་གྲངས་འཐེན་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད།

རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཀྲུང་དབྱང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལྟ་རྟོག་དོ་དམ་གྱི་རིགས་དགར་མིང་ཐོ་ལྟར་ན། མིག་སྔར་དེས་ལྟ་རྟོག་དོ་དམ་བྱེད་པའི་ཀྲུང་དབྱང་ཁེ་ལས་གོ་བདུན་ཁྲོད་དུ། རིགས་དང་པོ་དང་རིགས་གཉིས་པ། རིགས་གསུམ་པ་བཅས་ཀྱི་ཁེ་ལས་སོ་སོར་ང་བཞི་དང་། སོ་དྲུག བདུན་བཅས་ཡོད་པ་རེད།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།