ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ནམ་ཕྱི་འབྲེལ་དཔོན་ཁ་ཞི་སི་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2024-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ2པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ནམ་ཕྱི་འབྲེལ་དཔོན་ཁ་ཞི་སི་ལ་ཐུག་འཕྲད་གནང་།

ཟླ2པའི་ཚེས6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ནམ་ཕྱི་འབྲེལ་དཔོན་ཁ་ཞི་སི་ལ་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་སུའེ་ཡིས་གསར་སྐྲུན་མཚོན་རྟགས་སུ་བྱས་པའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུ་གཏན་འཁེལ་བྱས་པ་དང་། དེ་ནི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་དུས་མཚམས། རྒྱལ་ཁབ་ཆེ་ཆུང་སོགས་མི་འདྲ་བའི་མཛའ་བརྩེའི་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་ཡིན་ཞིང་། ཕྱོགས་གཉིས་ཀྱིས་ཀྲུང་སུའེ་མཛའ་བརྩེའི་མཉམ་ལས་ཀྱི་ཕུལ་བྱུང་སྲོལ་རྒྱུན་བཟང་པོ་རྒྱུད་འཛིན་དང་དར་སྤེལ་བྱས་ཏེ། ཕན་ཚུན་བརྩི་བཀུར་རྒྱུན་འཁྱོངས་དང་གཉིས་ཕན་མཉམ་ལས་གཏིང་ཟབ། མི་ཆོས་བརྗེ་རེས་ལ་མཉམ་སྐུལ་བཅས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་འཛམ་གླིང་གི་གྲོས་གཞི་ཆེན་མོ་གསུམ་བཏོན་པ་དེས་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་གནད་དོན་ཐག་གཅོད་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོས་སུའེ་ཙེར་དང་མཉམ་དུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དམིགས་འབེན་དུ་བཟུང་ནས། འཛམ་གླིང་བཅོས་སྐྱོང་མ་ལག་དེ་སྔར་བས་དྲང་བདེན་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

ཁ་ཞི་སི་ཡིས་བསྟན་དོན། སུའེ་ཙེར་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། ཧུར་ཐག་གིས་རིམ་པ་སོ་སོའི་འགྲོ་འོང་སྤེལ་ནས་ཁྱབ་ཁོངས་སོ་སོའི་དངོས་བརྩོན་མཉམ་ལས་གཏིང་ཟབ་དུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྐས་རིམ་གསར་བར་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།