ཀྲུང་གོ་བོད་ཀྱི་དྲ་བ།

ཏིང་ཞའེ་ཞང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ཧན་མོ་ཏེ་ལ་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས30ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞའེ་ཞང་གིས་ཏི་པའེ་རུ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མོ་ཧན་མོ་ཏེ་ལ་ཐུག་འཕྲད་གནང་། 

ཏིང་ཞའེ་ཞང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས2018ལོར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏུ་འཚམས་འདྲིར་ཕེབས་ཏེ་ཀྲུང་ཨའི་འབྲེལ་བའི་ལེའུ་གསར་པ་བརྩམས་ཤིང་། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་བ་རེད། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཕྱོགས་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེ་བ་ལོན་པར་ཡིད་ཆེས་ཡོད། སང་ལོ་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་འཁོར40ལོན་པའི་ལོ་ཡིན་ཞིང་། ཕྱོགས་གཉིས་བར་ཆབ་སྲིད་ཀྱི་ཡིད་ཆེས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། ཐུན་མོང་ཐོག་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་རྒྱལ་ཁབ་བར་མཉམ་ལས་ཀྱི་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 

ཏིང་ཞའེ་ཞང་གིས་བསྟན་དོན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཏེ་པའེ་ཚོགས་ཆེན་འཚོགས་ཆེད་གྲ་སྒྲིག་གང་ལེགས་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་འབོ་གསེར་རྒྱལ་ཁབ་ཀྱི་ཁྱིམ་ཚང་ཆེན་མོར་ཞུགས་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་མཉམ་དུ་ཕྱོགས་མང་ལས་སྟེགས་བསྐྲུན་པར་ཤུགས་སྣོན་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར། རྒྱལ་སྤྱིའི་དྲང་གཞག་དང་དྲང་བདེན་ལ་སྲུང་སྐྱོང་བཅས་བྱ་འདོད་ཡོད།

ཏིང་ཞའེ་ཞང་གིས།  ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་གནད་དོན་ཐད་ཀྲུང་གོའི་ལངས་ཕྱོགས་ཁ་གསལ་ཡིན་ལ། འབྲེལ་ཡོད་ཕྱོགས་ཁག་ལ་མྱུར་དུ་དམག་མཚམས་འཇོག་དགོས་པ་དང་། མི་སེར་ལ་སྲུང་སྐྱོབ་དང་འགལ་ཟླ་ཆེ་རུ་མི་འགྲོ་བ་བཅས་བྱེད་དགོས་པའི་འབོད་སྐུལ་བཏང་། ཀྲུང་གོས་མུ་མཐུད་དུ་ཞི་བདེ་དང་དྲང་གཞག་གི་ཕྱོགས་སུ་ལངས་ནས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་དྲང་བདེན་གྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་། སྔ་ཙམ་ནས“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་ཡོང་བར་སྐུལ་འདེད་བྱས་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་དེ་ཁྱོན་ཡོངས་ནས་དྲང་བདེན་དང་རྒྱུན་མཐུད་ངང་ཐག་གཅོད་ཐུབ་པ་བྱེད་དགོས། ཀྲུང་གོས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཕྱོགས་དང་མཉམ་དུ་འབད་བརྩོན་ལྷོད་མེད་བྱ་རྒྱུ་དང་། གང་མགྱོགས་སྒོས་གནས་བབ་ཞི་ལྷོད་ཡོང་བར་སྐུལ་འདེད་བཏང་སྟེ། སྔ་ཙམ་ནས་ཞི་བདེ་དང་བརྟན་འཇགས་སླར་གསོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གྱིས་བསྟན།

མོ་ཧན་མོ་ཏེ་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཐུག་འཁུར་དང་ཁྲིད་སྟོན་འོག ཨ་ཀྲུང་འབྲེལ་བར་ཡར་རྒྱས་ཆེན་པོ་བྱུང་ཞིང་། ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་སྐབས་ཨ་ཕྱོགས་ལ་རྒྱབ་སྐྱོར་ཚད་མེད་གནང་བ་ནམ་ཡང་བརྗེད་མི་སྲིད་ལ། འབྱུང་འགྱུར་ཡང་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྔར་ལས་ཆེ་བའི་གྲུབ་འབྲས་ཐོབ་པ་དང་། ཨ་ཀྲུང་མཛའ་མཐུན་གྱི་འབྲེལ་ཐག་སྔར་ལས་ཇེ་བརྟན་དུ་འགྲོ་བར་ཡིད་ཆེས་བརྟན་པོ་ཡོད། ཀྲུང་གོས་ཕ་ལེ་སི་ཐན་གྱི་དྲང་བདེན་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོའི་དྲང་གཞག་གི་ལངས་ཕྱོགས་ལ་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཉམ་ལས་དམ་ཟབ་བྱས་ཏེ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།