ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ཧྭ་ཡིས་ལུའུ་ཐུའུ་གསར་འགྱུར་ཁང་གི་མགོ་གཙོ་སུའུ·པུའུ་ལུའུ་ཁེ་སི་ལ་ཐུག་འཕྲད་གནང་།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2023-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཟླ11པའི་ཚེས30ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་མགོ་གཙོ་པའོ་ཧྭ་ཡིས་པེ་ཅིན་དུ་ལུའུ་ཐུའུ་གསར་འགྱུར་ཁང་གི་མགོ་གཙོ་སུའུ·པུའུ་ལུའུ་ཁེ་སི་ལ་ཐུག་འཕྲད་གནང་བཞིན་པའི་རྣམ་པ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས30ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་མགོ་གཙོ་པའོ་ཧྭ་ཡིས་པེ་ཅིན་དུ་ལུའུ་ཐུའུ་གསར་འགྱུར་ཁང་གི་མགོ་གཙོ་སུའུ·པུའུ་ལུའུ་ཁེ་སི་ལ་ཐུག་འཕྲད་གནང་། 

པའོ་ཧྭས་པུའུ་ལུའུ་ཁེ་སི་ཀྲུང་གོར་ཕེབས་ཏེ་འཛམ་གླིང་སྨྱན་བྱད་རྩེ་ཚོགས་སྐབས་ལྔ་བར་ཞུགས་པར་དགའ་བསུ་ཞུས། ཁོས་བསྟན་དོན། ལུའུ་ཐུའུ་གསར་འགྱུར་ཁང་ནི་ཆེས་ཐོག་མར་ཞིན་ཧྭ་གསར་འགྱུར་ཁང་དང་མཉམ་ལས་འབྲེལ་བ་བཙུགས་པའི་ནུབ་ཕྱོགས་ཀྱི་གསར་འགྱུར་ཁང་ཆེ་གྲས་ཡིན། སྤྱི་ལོ1957ལོ་གསར་འགྱུར་མཉམ་ལས་ཀྱི་གྲོས་ཡིག་སྟེང་མིང་རྟགས་བཀོད་པའི་ཚུན་དུ། ཕྱོགས་གཉིས་བར་གསར་འགྱུར་བརྗེ་རེས་དང་འདྲ་པར་ཚབ་སྒྲུབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་གྲུབ་འབྲས་མི་དམན་པ་བླངས་ཡོད། གསར་འགྱུར་ཁང་གཉིས་ནི་འཛམ་གླིང་སྨྱན་བྱད་རྩེ་ཚོགས་ཀྱི་གྲོས་མགོ་འདོན་མཁན་དང་རྩེ་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མིའི་སྒྲིག་གཞི་ཡིན་པའི་ཆ་ནས་ཕན་ཚུན་བར་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་བརྒྱག་རྒྱུ་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། སྤོ་སྒུལ་དྲ་སྦྲེལ་དུས་རབས་སུ་གསར་འགྱུར་འཕྲིན་སྤེལ་གྱི་བརྒྱུད་བསྒྲགས་ནུས་པ་དང་ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། སྤྱི་རྟོན་ནུས་པ་བཅས་ཆེ་རུ་གཏོང་དགོས་ཚུལ་བསྟན།

པུའུ་ལུའུ་ཁེ་སི་ཡིས། ལུའུ་ཐུའུ་གསར་འགྱུར་ཁང་གིས་ཞིན་ཧྭ་གསར་འགྱུར་ཁང་བར་གྱི་མཛའ་མཐུན་འབྲེལ་བ་གཅེས་སྤྲས་བྱས་ཏེ། ལག་རྩལ་གསར་པའི་སྨྱན་བྱད་བེད་སྤྱོད་སོགས་ཁྱབ་ཁོངས་ཐད་ཞིན་ཧྭ་གསར་འགྱུར་ཁང་དང་སྤེལ་རེས་གཏིང་ཟབ་བྱ་རྒྱུ་དང་། འཛམ་གླིང་སྨྱན་བྱད་རྩེ་ཚོགས་ཀྱི་སྒྲོམ་གཞི་འོག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།