ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་རྒྱབ་སྐྱོབ་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”རྗེས་དྲན་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས29ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས“ཕ་ལེ་སི་ཐན་མི་དམངས་ལ་ངག་ཐོག་རྒྱབ་སྐྱོབ་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི”རྗེས་དྲན་ཚོགས་ཆེན་འཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཕ་ལེ་སི་ཐན་གྱི་གནད་དོན་ནི་དབུས་ཤར་གནད་དོན་གྱི་ལྟེ་བ་ཡིན་པ་དང་རྒྱལ་སྤྱིའི་དྲང་བདེན་འདྲ་མཉམ་ལ་འབྲེལ་བ་ཡོད། ཕ་དབྱི་འགལ་བ་ནི་ཕ་ལེ་སི་ཐན་མི་དམངས་ཀྱིས་ཡུན་རིང་ལ་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པའི་ཁྲིམས་མཐུན་གྱི་མི་རིགས་ཁེ་དབང་མངོན་འགྱུར་བྱེད་མ་ཐུབ་པས་ཡིན། ཕ་དབྱི་འགལ་བ་ཡང་དང་བསྐྱར་དུ་བྱུང་བའི་ཡིད་སྐྱོ་བའི་བསླབ་བྱ་ལས། ཐུན་མོང་བདེ་འཇགས་འདུ་ཤེས་སྲུང་འཛིན་བྱས་ན་ད་གཟོད་རྒྱུན་མཐུད་བདེ་འཇགས་མངོན་འགྱུར་བྱེད་ཐུབ་པ་གསལ་བོར་བསྟན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་བྲེལ་འཚུབ་ངང་འགུལ་སྐྱོད་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཁང་གིས་ངེས་པར་དུ་འགན་འཁྲི་ཁུར་ནས། ཤུགས་ཆེན་པོས་འཐབ་འཁྲུག་གི་མཚམས་འཇོག་པར་སྐུལ་འདེད་གཏོང་བ་དང་། འབངས་མིའི་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ་མི་ཆོས་ཀྱི་ཆག་སྒོ་འབྱུང་བར་བཀག་འགོག་བྱེད་དགོས། དེའི་རྨང་གཞིའི་སྟེང་། མགྱོགས་མྱུར་ངང་ཕ་དབྱི་ཞི་བའི་གྲོས་མོལ་ཡང་བསྐྱར་མགོ་བརྩམས་ཏེ། གང་མགྱོགས་ངང་ཕ་ལེ་སི་ཐན་མི་དམངས་ཀྱིས་རྒྱལ་འཛུགས་དབང་ཆ་དང་འཚོ་སྡོད་དབང་ཆ། ཕྱིར་ལོག་དབང་ཆ་བཅས་མངོན་འགྱུར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཕ་ལེ་སི་ཐན་མི་དམངས་ཀྱིས་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་ལས་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་བཞིན་ཡོད། ཕ་ལེ་སི་ཐན་གནད་དོན་ཐག་གཅོད་པའི་རྩ་བའི་ཐབས་ལམ་ནི1967ལོར་བཙུགས་པའི་མཐའ་མཚམས་རྨང་གཞི་བྱས་ཏེ། ཤར་ཕྱོགས་ཀྱི་ཡེ་ལུའུ་ས་ལུན་རྒྱལ་ས་བྱེད་པ་དང་། རང་བདག་ཆ་ཚང་ཡོད་པའི་ཕ་ལེ་སི་ཐན་རྒྱལ་ཁབ་འཛུགས་རྒྱུ་དེ་ཡིན། ཕ་ལེ་སི་ཐན་གྱི་དཔལ་འབྱོར་དམངས་འཚོའི་དགོས་མཁོར་ངེས་པར་དུ་འགན་སྲུང་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཕ་ལེ་སི་ཐན་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས། ཞི་བའི་གྲོས་མོལ་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། མགྱོགས་མྱུར་ངང་སྔར་བས་དབང་གྲགས་རང་བཞིན་གྱི་རྒྱལ་སྤྱིའི་ཞི་བའི་གྲོས་མོལ་འཚོགས་དགོས། ཀྲུང་གོས་བཏོན་པའི་འཛམ་གླིང་བདེ་འཇགས་གྲོས་གཞིས་གླེང་མོལ་བརྒྱུད་དེ་རྒྱལ་ཁབ་བར་གྱི་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པ་དང་། ཞི་བདེའི་ངང་ཉམས་ཉེན་ཐག་གཅོད་བྱེད་པའི་འབད་བརྩོན་མཐའ་དག་ལ་རྒྱབ་སྐྱོར་བྱེད་དགོས་པ་བསྟན་ཡོད། ཀྲུང་གོས་ཕ་ལེ་སི་ཐན་གྱི་གནད་དོན་སྟེང་མུ་མཐུད་དུ་དྲང་བདེན་འདྲ་མཉམ་རྒྱུན་འཁྱོངས་བྱས་ཏེ། ཧུར་ཐག་གིས་ཞི་བའི་གྲོས་མོལ་བྱས་ཏེ། སྔ་སྲོལ་བཞིན་ཕ་ལེ་སི་ཐན་ལ་མི་ཆོས་དང་འཕེལ་རྒྱས་སོགས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་ལས་འགན་རྒྱུན་འཛིན་གྱི་རྒྱལ་ཁབ་ཡིན་པའི་ཆ་ནས། ཀྲུང་གོས་མུ་མཐུད་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་སྤྱིའི་ཞི་བའི་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་གཅིག་སྡུད་བྱས་ནས། ཕ་ལེ་སི་ཐན་གྱི་གནད་དོན་དེ་སླར་ཡང་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ཡི་ཡང་དག་པའི་བགྲོད་ལམ་སྟེང་བསྐྱོད་པ་དང་། སྔ་མོ་ནས་ཕྱོགས་ཡོངས་དང་དྲང་བདེན། ཡུན་རིང་ངང་ཐག་གཅོད་པར་སྐུལ་འདེད་གཏོང་རྒྱུ་ཡིན། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།