ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་ཚོགས་འདུ་ཚེས29ཉིན་པེ་ཅིན་དུ་འཚོགས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་གའོ་ཆིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་གནང་ལ། རྒྱལ་སྲིད་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཞའོ་ཧུང་གིས་ཚོགས་འདུར་མགོ་འཛིན་གནང་། ཚོགས་འདུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཙུང་ལི་ལི་ཆང་གི་བླང་བྱ་དངོས་འབེབས་བྱས་ཏེ། ཉེ་སྔོན་དོན་རྐྱེན་བྱུང་བའི་བསླབ་བྱ་བསྡུ་ལེན་གང་ལེགས་བྱས་ནས་ཟུར་བསྟན་ལེབ་མཐོང་གིས་གཙོ་གནད་ལས་རིགས་ཁྱབ་ཁོས་ཀྱི་བདེ་འཇགས་ཉེན་ཁ་འགོག་སྡོམ་ནན་མོ་བྱེད་པ་དང་། ནུས་ཤུགས་གང་ཡོད་ཀྱིས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་གི་ཕན་འབྲས་མཐོར་བཏེགས་ཏེ། བྱེད་ཐབས་ནུས་ལྡན་སྤྱད་དེ་ལོ་མཇུག་དང་ལོ་མགོའི་བདེ་འཇགས་ཐོན་སྐྱེད་ལས་དོན་ལེགས་པོར་སྒྲུབ་པ་དང་། དོན་རྐྱེན་ཆེན་པོའི་རིགས་འབྱུང་བར་མཐའ་གཅིག་ཏུ་འགོག་ཟོན་བྱེད་དགོས་པར་བསྟན།

ཚོགས་འདུས་གནད་འཁེལ་སྒོས་གཏེར་རིའི་དོན་དངོས་བདེ་འཇགས་གནས་བབ་ལ་ཤེས་རྟོགས་བྱས་ཏེ། ཤུགས་ཆེན་པོས་གཏེར་རིའི་བདེ་འཇགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་གཏེར་ཁྲོན་གྱི་ཁྱོན་ཡོངས་ལ་གྲལ་བཤེར་བྱེད་པ་དང་། མགྱོགས་མྱུར་ངང་ཁྲུས་ཁང་གི་ཁང་ཀླད་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་དགོས་ཤིང་། གཏེར་རིའི་གཙོ་གནད་གནོད་སྐྱོན་བཅོས་སྐྱོང་གཏིང་ཟབ་དུ་སྤེལ་ནས་ཚད་བརྒལ་སྔོག་འདོན་དང་སྒེར་སྔོག་གང་བྱུང་བྱེད་པ། ལྟ་སྐུལ་དོ་དམ་ལ་གཡོལ་བ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོང་གཏོང་དགོས། ཚོང་ལས་ཕྱོགས་བསྡུས་ཁང་ཆེན་མོ་དང་ཐོག་བརྩེགས་མང་བའི་བཟོ་སྐྲུན། བདག་གཉེར་རང་བཞིན་གྱི་སྒེར་བསྐྲུན་སྡོད་ཁང་དང་སྨན་ཁང་། སློབ་གྲྭ། རྒན་གསོ་ཁང་སོགས་གཙོ་གནད་ར་བ་འབུར་དུ་བཏོད་ནས། མེ་འགོག་རྐྱེན་ངན་གྲལ་བཤེར་བཅོས་སྐྱོང་དང་ལྟ་སྐུལ་དོ་དམ་ཁྲིམས་འཛིན། མེ་འགོག་ཤེས་བྱ་དྲིལ་སྒྲོག་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས་མེ་སྐྱོན་མང་པོ་འབྱུང་བའི་རྣམ་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། དགུན་དུས་ཀྱི་ནམ་ཟླའི་ཁྱད་ཆོས་ལ་གཞིགས་ཏེ། ཉེན་ཁའི་རྫས་འགྱུར་ཐོན་རྫས་དང་འགྲིམ་འགྲུལ་སྐྱེལ་འདྲེན། བཟོ་སྐྲུན་ལས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགོག་སྡོམ་ལ་ཤུགས་བསྣོན་དགོས་པའི་བླང་བྱ་བཏོན།

ཚོགས་འདུས་མིག་སྔར་གཞི་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ། ཡུལ་དངོས་སུ་ཆེད་ལས་ཞིབ་བཤེར་སྤེལ་བ་དང་། བྱེ་བྲག་གི་གནད་དོན་ལ་གཞིགས་ནས་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། བྱེད་ཐབས་ནན་མོ་སྤྱད་དེ་བཅོས་སྐྱོང་སྐུལ་འདེད་དང་ལས་ཡུལ་དང་པོའི་ལས་རྐང་གི་བདེ་འཇགས་དོ་དམ་ལ་དམ་འཛིན་བྱེད་དགོས། སྔར་ལས་ལྷག་པར་འགན་འཁྲི་ལྟ་སྐུལ་དོ་དམ་གཟབ་ནན་དུ་བཏང་ནས། ལྟ་སྐུལ་དོ་དམ་དཔུང་སྡེ་ནན་མོས་སྐྱོང་བ་དང་། གཞི་རྩ་བཅོས་སྐྱོང་དང་དཀའ་གནད་མཁྲེགས་སེལ་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་མགྱོགས་མྱུར་ངང་བདེ་འཇགས་ཐོན་སྐྱེད་ཀྱི་གཞི་རིམ་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པར་ནན་གྱིས་བསྟན། །

 
རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།