ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ་དང་། ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་གཏོང་བ། དུས་རབས་ཀྱི་དར་སྲོལ་གསར་པ་དང་རྣམ་པ་གསར་པ་འཛུགས་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གཞུང་སྒྲུབ་ཁང་། རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པ་ཀྲུང་དབྱང་། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་ཉེ་ལམ《སྐབས་དགུ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་དཔྱད་འདེམས་དང་གཟེངས་བསྟོད་བྱེེད་པའི་སྐོར་གྱི་བརྡ་སྦྱོར》དང་ལག་བསྟར་བྱེད་ཐབས་དཔར་འགྲེམ་བྱས་ཏེ། སྐབས་དགུ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་སྟོན་དཔྱད་འདེམས་དང་གཟེངས་བསྟོད་མགོ་རྩོམ་པར་བཀོད་སྒྲིག་བྱས་ཏེ། ཀུན་སྤྱོད་དཔེ་བཟང་ལ་སློབ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་རྒྱ་ཆེར་སྤེལ་བའི་བླང་བྱ་བཏོན་ནས། མི་རྣམས་ཀྱིས་ཀུན་སྤྱོད་དཔེ་སྟོན་ལ་བརྩི་བཀུར་དང་ཀུན་སྤྱོད་དཔེ་བཟང་ལ་སློབ་སྦྱོང་། ཀུན་སྤྱོད་དཔེ་བཟང་བརྩོན་ལེན་བྱེད་པར་སྣེ་ཁྲིད་དེ། སྤྱོད་བཀུར་དགེ་བརྩོན་དང་དམ་པར་མིག་ལྟོས། སྤྱོད་བཟང་ཁྱབ་གདལ་གྱི་སྤྱི་ཚོགས་ཁ་དབུགས་བཟང་པོར་སྐུལ་འདེད་གཏོང་དགོས།
བརྡ་སྦྱོར་ལས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དངོས་འབེབས་གཏིང་ཟབ་བྱེད་པ། ནན་ཏན་སྒོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་དང་བྱ་བའི་ཁྱོན་ཡོངས་ལ་རྐང་བཙུགས་ཏེ། བསམ་པའི་སྲོག་ཤིང་འཛུགས་པ་དང་རིན་ཐང་ཚད་གཞི་འཛུགས་པ། དུས་རབས་གསར་བའི་མི་སྣ་གསོ་སྐྱོང་བཅས་ལ་གཞིགས་ནས། དད་སེམས་བརྩོན་སེམས་སྐུལ་སློང་དང་འབད་འཐབ་སྟོབས་ཤུགས་སྐུལ་སློང་བྱེད་པ་དང་། བྱས་རྗེས་འབུར་ཐོན་དང་མང་ཚོགས་ཀྱིས་ཁས་ལེན་པ། མངོན་གསལ་གྱི་དུས་རབས་ཁྱད་ཆོས་ལྡན་པ། དཔེར་མཚོན་རང་བཞིན་དང་དཔེ་སྟོན་རང་བཞིན་ཆེ་བའི་ཀུན་སྤྱོད་དཔེ་སྟོན་སྐོར་ཞིག་བདམས་ནས། གཅིག་སྡུད་སྒོས་དུས་རབས་གསར་པའི་བསམ་བློ་སྤྱོད་བཟང་འཛུགས་སྐྲུན་གྱི་གཡུར་དུ་ཟ་བའི་གྲུབ་འབྲས་འགྲེམ་སྟོན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་མཚོན་དགོས་པར་ནན་གྱིས་བསྟན་ཡོད།
བརྡ་སྦྱོར་ལས་བསྟན་དོན། སྐབས་དགུ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་སྟོན་དཔྱད་འདེམས་གཟེངས་བསྟོད་དེ་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལེགས་བཅོས་དང་གསར་སྐྲུན་བྱེད་པའི་གཙོ་གནད་བྱ་བ་ཞིག་ཡིན་པའི་ཆ་ནས། བཀོད་སྒྲིག་ཞིབ་ཚགས་དང་རྩ་འཛུགས་ལག་བསྟར་ནན་མོ་བྱས་ཏེ། དཔེ་སྟོན་བྱས་རྗེས་དྲིལ་སྒྲོག་དང་དཔེ་སྟོན་སྤྱོད་བཟང་སློབ་སྦྱོང་། དཔེ་སྟོན་དགོངས་པ་ལག་བསྟར་བྱེད་པ་དེ་དཔྱད་འདེམས་གཟེངས་བསྟོད་ཀྱི་གོ་རིམ་ཧྲིལ་བོར་ལག་བསྟར་བྱས་ནས། སྤྱི་ཚོགས་ཡོངས་སུ་ཀུན་སྤྱོད་བརྩི་བ་དང་ཀུན་སྤྱོད་གོང་བཀུར། ཀུན་སྤྱོད་སྲུང་བའི་དུས་རབས་གསར་པའི་དར་སྲོལ་གསར་བ་འཛུགས་དགོས།
བརྡ་སྦྱོར་ལས། མང་ཚོགས་ལམ་ཕྱོགས་དང་སྤྱི་ཚོགས་དཔྱད་འཇོག་རྒྱུན་འཁྱོངས་དང་། རིམ་པ་བཞིན་འོས་སྦྱོར་དང་རིམ་པ་བཞིན་དམ་འཛིན་བྱེད་པ་རྒྱུན་འཁྱོངས། ཚད་གཞི་ནན་ཏན་དང་དྲང་བདེན་དཔྱད་འཇོག་རྒྱུན་འཁྱོངས་བཅས་བྱས་ཏེ། སྤྱི་ཚོགས་ལས་རིགས་ཁག་དང་མི་དམངས་མང་ཚོགས་ཀྱིས་ཁས་ལེན་པའི་ཀུན་སྤྱོད་ཚད་ཤིང་བདམས་ནས། དབང་གྲགས་རང་བཞིན་དང་སྤྱི་བའི་ཡིད་རྟོན་ནུས་པས་ཀུན་སྤྱོད་དཔེ་བཟང་ལ་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
རྒྱུས་ལོན་པ་ལྟར་ན། སྐབས་དགུ་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་སྟོན་དེ་གཞན་ཕན་ལ་དགའ་བའི་དཔེ་སྟོན་དང་བདེན་མཐོང་དཔའ་བསྐྱེད་ཀྱི་དཔེ་སྟོན། གཞུང་དྲང་ཟོལ་མེད་ཀྱི་དཔེ་སྟོན། ལས་བཀུར་སྐྱེས་ཕུལ་གྱི་དཔེ་སྟོན། རྒན་བཀུར་གཉེན་གཅེས་ཀྱི་དཔེ་སྟོན་བཅས་རིགས་ཚན5རུ་བགར་ཡོད་ལ། མང་ཚོགས་ཀྱིས་མཚམས་སྦྱོར་དང་དཔྱད་འདེམས་ཞིབ་དཔྱད། སྤྱི་བསྒྲགས་དྲིལ་སྒྲོག འདེམས་ཤོག་དཔྱད་འདེམས་སོགས་ཀྱི་གོ་རིམ་བརྒྱུད་ནས་དཔྱད་འདེམས་བྱེད་དགོས་ཤིང་། མང་ཚོགས་དུང་ཕྱུར་མང་པོས་ཀུན་སྤྱོད་དཔེ་སྟོན་གྱི་སྟོབས་ཤུགས་དེ་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་སྐུལ་འདེད་གཏོང་བར་འགྱུར་མེད་ཀྱི་བསམ་བློའི་འགན་སྲུང་དང་སྟོབས་ཆེའི་བསམ་པའི་སྟོབས་ཤུགས། ནུས་ལྡན་གྱི་ཀུན་སྤྱོད་རོགས་འདེགས་བཅས་འདོན་སྤྲོད་བྱ་རྒྱུ་རེད། །