ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྨིས་ལུའུ་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་ལ་ཐུག་འཕྲད་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2023-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅིའུ་ཅིན་ཧྲན་དུ་སྨིས་ལུའུ་ཙུང་ཐུང་པའོ་ལུའུ་ཨ་ཨར་ཐི་ལ་ཐུག་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་སྨིས་ཕྱི་འབྲེལ་བཙུགས་པའི་དུས་རབས་ཕྱེད་ཀའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ཕན་ཚུན་ལ་ཤེས་རྟོགས་དང་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་ལས་བརྟན་རླིང་ངང་འཕེལ་རྒྱས་བྱུང་བ་དང་། ལྷག་པར་དུ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱིས་རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་གོང་འཕེལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ད་ལོ་ནི་ཀྲུང་སྨིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར10ལོན་པའི་ལོ་ཡིན། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་རྟོན་གཏིང་ཟབ་དང་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བྱས་ཏེ། ཕ་རོལ་པ་རང་ཉིད་ཀྱི་རྒྱལ་ཁབ་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། འཕེལ་རྒྱས་ཀྱི་འབྲེལ་མཐུད་ལ་ཤུགས་བསྣན་ནས་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས་གཏེར་ཁུངས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྟོབས་ཆེར་བཏང་སྟེ། གྲངས་ཀའི་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས་སོགས་མཉམ་ལས་ཀྱི་འཕར་གནས་གསར་བ་གསོ་སྐྱོང་བྱས་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཐད་སྔར་ལས་མང་བའི་གྲུབ་འབྲས་ལེན་དགོས། ཀྲུང་གོས་སྨིས་ལུའུ་ཡི་ཁྱད་ལྡན་ཕུལ་བྱུང་ཞིང་ལས་ཐོན་རྫས་ནང་འདྲེན་བྱས་ཏེ། ཀྲུང་གོའི་ཁེ་ལས་ཚོང་ར་ཅན་གྱི་རྩ་དོན་ལྟར་སྨིས་ལུའུ་ཡི་གཙོ་གནད་ལས་གཞི་འཛུགས་སྐྲུན་ནང་ཞུགས་པར་སྐུལ་མ་བྱེད་འདོད་ཡོད། ཀྲུང་སྨིས་ལ་འོད་སྟོང་འབར་བའི་དཔལ་ཡོན་དང་རྔམ་མཐུག་པའི་རིག་གནས་ཡོད་པས། ཕྱོགས་གཉིས་ཀྱིས་སློབ་གསོ་དང་རིག་གནས། ཡུལ་སྐོར། ཚན་རྩལ། ན་གཞོན་བརྗེ་རེས་སོགས་མཉམ་ལས་ལ་ཤུགས་བསྣན་ནས། དཔལ་ཡོན་མི་འདྲ་བའི་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་དཔེ་སྟོན་དུ་འགྱུར་བར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གནས་བབ་གསར་བའི་འོག ཀྲུང་སྨིས་འབྲེལ་བ་འཕེལ་རྒྱས་གང་ལེགས་གཏོང་བ་ནི་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་མ་ཟད། འཛུགས་སྐྲུན་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་ལའང་དོན་སྙིང་གལ་ཆེན་ལྡན་པ་ཡིན། ཀྲུང་གོས་སྨིས་ལུའུ་ཡིས2024ལོའི་ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་འཚོགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། སྨིས་ལུའུ་དང་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་དུ་བཏང་ནས། ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མཉམ་ལས་ལ་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་སྟེ། ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་སླར་གསོ་དང་ཡུན་རིང་འཕེལ་རྒྱས་སྐུལ་སྤེལ་དང་། ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་འདོད་ཡོད། ཀྲུང་གོས་སྨིས་ལུའུ་དང་མཉམ་དུ་དུས་རབས་གསར་པའི་ཀྲུང་ལ་འབྲེལ་བ་མུ་མཐུད་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།

པའོ་ལུའུ་ཨ་ཨར་ཐི་ཡིས་བསྟན་དོན། སྨིས་ཀྲུང་རྒྱལ་ཁབ་གཉིས་ནི་དཔལ་ཡོན་གྱི་གནའ་བོའི་རྒྱལ་ཁབ་ཡིན་ཞིང་། མི་དམངས་མཛའ་བརྩེའི་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་བ་ཡིན། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར10ལོན་པའི་ཚུན། ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་འཇོག་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཡོད། སྨིས་ལུའུ་ཡིས་ཀྲུང་གོའི་འབྲེལ་བ་གཏིང་ཟབ་དུ་གཏོང་བར་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལམ་སྲོལ་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། མུ་མཐུད་དུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཆུ་ཚད་མཐོར་འདེགས་སུ་གཏོང་བ་དང་། ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་དངོས་བརྩོན་མཉམ་ལས་གཏིང་ཟབ་དུ་གཏོང་རྒྱུའི་རེ་བ་ཡོད། སྨིས་ལུའུ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་བྱས་ཏེ། ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ནང་ཞུགས་རྒྱུ་ཡིན། སང་ལོར་སྨིས་ལུའུ་ཡིས་ཨེ་ཤེ་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་རེས་བསྐོར་ཀྲུའུ་ཞི་འགན་ཁུར་རྒྱུ་ཡིན་པ་དང་། ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱིས་ཁོང་ཡངས་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་ནས། ལ་ཀྲུང་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རེ་སྒུག་བྱེད་ཀྱིན་ཡོད། སྨིས་ལུའུ་ཡིས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།