ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ11པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་གྲོང་ཁྱེར་ཅིའུ་ཅིན་ཧྲན་དུ་བསྡུས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་རྩེ་ཚོགས་སྟེང་དུ《སེམས་ཤུགས་གཅིག་སྒྲིལ་གྱིས་འགྲན་སློང་བསུས་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་མཉམ་ལས་ཀྱི་ལེའུ་གསར་པ་རྩོམ་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་ཡིག་ཐོག་གསུང་བཤད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ30སྔོན་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་མགོ་ཁྲིད་ཀྱིས་ཞི་བདེ་དང་འཕེལ་རྒྱས་གཙོ་བོ་ཡིན་པའི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་དང་པོ་བསྡུས་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་འཕེལ་རྒྱས་དང་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་མྱུར་མོར་འཕེལ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་འཕར་སའི་ལྟེ་གནས་དང་། འཛམ་གླིང་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་འགག་གནད་དུ་འགྱུར་རྒྱུར་རམ་འདེགས་བྱས་ཡོད། ལོ་ངོ་སུམ་ཅུ་ཡི་རིང་ལ། ང་ཚོས་སྒོ་འབྱེད་ས་ཁོངས་རིང་ལུགས་རྒྱུན་འཁྱོངས་བྱས་ཏེ། སྒོ་འབྱེད་ཁོང་ཡངས་དང་ལེགས་ཆ་གསབ་རེས་བྱེད་པ། ཕན་ཚུན་འབྲེལ་འདྲིས་བྱེད་པ། འཕེལ་རྒྱས་ལ་དམིགས་པ་བཅས་བྱས་ནས། རང་བརྟེན་རང་མོས་དང་གྲོས་མོལ་གཅིག་མཐུན། གོམ་པ་རིམ་བགྲོད་བཅས་ཀྱི་སྒོ་ནས། “ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བྱེད་ཐབས”ཤིག་དངོས་སུ་བཏོན་ཏེ། མཚུངས་ཀྱང་གཅིག་མཐུན་མིན་པ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པ། ཕྱར་བ་གྲུ་འདེགས་བཅས་ཀྱི་རོགས་རེས་སྙིང་སྟོབས་དར་སྤེལ་བཏང་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ཀྱི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱིས་ང་ཚོར་བློ་སྒོ་གཏིང་ཟབ་ཕྱེས་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སྐབས་སུ་སླེབས་ཡོད་པས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་མཉམ་ལས་ཀྱི་མ་འོངས་པའི་ལོ་ངོ30དེ་གང་ནས་གང་གི་ཕྱོགས་སུ་བསྐྱོད་ཐུབ་མིན་ནི། ང་ཚོའི་མིག་མདུན་དུ་ལྷགས་པའི་དུས་རབས་གསར་པའི་དྲི་བ་ཞིག་ཡིན། ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མཉམ་ལས་ལ་ཡང་བསྐྱར་སྐུལ་འདེད་བཏང་ནས་ལམ་དུ་ཆས་དགོས།
ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དམིགས་ཡུལ་དང་རྩ་དོན་ལ་མཉམ་དུ་སྲུང་སྐྱོབ་བྱས་ནས། ཕན་ཚུན་བར་གྲོས་མོལ་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་། ཕན་ཚུན་དཔུང་རོགས་བྱེད་པ་ལས་མནའ་འབྲེལ་མི་བྱེད་པའི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འགྲོ་འོང་ཐབས་ལམ་རྒྱུན་འཁྱོངས་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དར་རྒྱས་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་ནི་ས་བབ་དང་འབྲེལ་བའི་འགྲན་རྩོད་བྱེད་ཡུལ་ཞིག་ཏུ་འགྱུར་མི་རུང་ལ། “འཇམ་འཐབ་གསར་པ”དང་དཔུང་ཁག་ཕན་ཚུན་ཁ་གཏད་དུ་ལངས་པའི་སྦྱོར་བ་གཏན་ནས་རྩོམ་མི་རུང་། སྒོ་འབྱེད་ཀྱི་ས་ཁོངས་རིང་ལུགས་རྒྱུན་འཁྱོངས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་རང་མོས་ཉོ་ཚོང་ཁུལ་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་སོ་སོའི་དཔལ་འབྱོར་མཉམ་འགུལ་རྒྱུན་འཁོར་ལ་སྐུལ་འདེད་བཏང་ནས། མཉམ་ལས་གཉིས་ཕན་གྱི་སྒོ་འབྱེད་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་བསྐྲུན་དགོས། གཞི་གྲངས་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཚུལ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་གྲུབ་འབྲས་ཚུལ་སྒྱུར་ལ་ཤུགས་སྣོན་པ། གཞི་གྲངས་དཔལ་འབྱོར་དང་དངོས་ཕུང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། མཉམ་དུ་ལག་གདང་སྦྲེལ་ནས་འཛམ་གླིང་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། སྒོ་འབྱེད་དང་དྲང་བདེན། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་སྐྲུན་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོའི་ཚུན། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་སྔར་ལས་ཇེ་ལེགས་སུ་ཕྱིན་ཡོད་ཅིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་ཆེ་ཤོས་ཡིན་པ་དང་། ཀྲུང་གོར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་ལེགས་ཆ་དང་། གཞི་ཁྱོན་ཤིན་ཏུ་ཆེ་བའི་ཁྲོམ་རའི་དགོས་མཁོའི་ལེགས་ཆ། ཐོན་ལས་མ་ལག་ཆ་ཚང་ཡིན་པའི་མཁོ་འདོན་ལེགས་ཆ། བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ཁེ་ལས་པའི་འཇོན་མིའི་ལེགས་ཆ་བཅས་ལྡན་པར་མ་ཟད། དཔལ་འབྱོར་འཕེལ་རྒྱས་ལ་ནང་ངོས་ཀྱི་སྒུལ་ཤུགས་དང་མཉེན་ཤུགས། སྦས་ཤུགས་བཅས་ཆེན་པོ་ལྡན། ཀྲུང་གོའི་དཔལ་འབྱོར་དུས་ཡུན་རིང་པོར་ལེགས་ཕྱོགས་སུ་འཕེལ་བའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་ལ་འགྱུར་ཡང་མི་སྲིད། ང་ཚོར་ཡུན་རིང་བརྟན་ལྷིང་དང་འཕེལ་རྒྱས་མངོན་འགྱུར་ཡོང་བའི་ཡིད་ཆེས་དང་ནུས་པ་སྔར་ལས་ཆེན་པོ་ཡོད་པར་མ་ཟད། ཀྲུང་གོའི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་སྒུལ་ཤུགས་གསར་པ་དང་གོ་སྐབས་གསར་པ་གང་མང་ཐོབ་རྒྱུ་རེད། ཀྲུང་གོས་སྒོ་མོ་རྒྱ་ཆེར་ཕྱེ་ནས་འཛུགས་སྐྲུན་བྱ་རྒྱུ་རྒྱུན་འཁྱོངས་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པའི་ཆོད་སེམས་ལ་འགྱུར་ལྡོག་གཏོང་མི་སྲིད་ལ། འདྲ་མཉམ་ངང་ཕྱི་རྒྱལ་ཚོང་པའི་དངུལ་གཏོང་ལ་སྤུས་ལེགས་ཞབས་འདེགས་ཞུ་བའི་སྲིད་ཇུས་ལའང་འགྱུར་ལྡོག་གཏོང་མི་སྲིད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མགོ་རྩོམ་ས་དང་རྐང་འཛུགས་ས་ནི། ཀྲུང་གོ་བ་དུང་ཕྱུར14ལྷག་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་རྒྱུ་དེ་ཡིན་པ་དང་། འདི་ནི་འཛམ་གླིང་ལ་མཚོན་ནས་བཤད་ན་སྔར་ལས་རྒྱ་ཆེ་བའི་ཚོང་ར་དང་སྔར་མེད་མཉམ་ལས་ཀྱི་གོ་སྐབས་ཤིག་ཡིན་པས། འཛམ་གླིང་གི་དེང་རབས་ཅན་ལ་ཡང་སྒུལ་ཤུགས་ཆེན་པོ་སྟེར་ཐུབ། འཛམ་གླིང་ཧྲིལ་པོའི་བཟོ་ཚོང་ལས་རིགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་འབད་པས་ཞུགས་ནས། ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་བྱུང་བའི་གོ་སྐབས་ཆེན་པོ་མཉམ་སྤྱོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། །