ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2023-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས16ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅོ་བརྒྱད་པའི་སྟེང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ། 《སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས》ཞེས་པ་སྤེལ།

རྩོམ་ཡིག་ལས་སློབ་གསོ་དར་ན་རྒྱལ་ཁབ་དར་ཐུབ་པ་དང་སློབ་གསོ་སྟོབས་ཅན་དུ་གྱུར་ན་རྒྱལ་ཁབ་ཀྱང་སྟོབས་ལྡན་དུ་འགྱུར་ཐུབ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་སྔོན་ཁྲིད་ཡིན་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པའི་འདེགས་སྐྱོར་གལ་ཆེན་ཡིན་ལ། མི་དམངས་ཡོངས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པར་མ་ཟད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་བའི་རྨང་གཞིའི་བཟོ་སྐྲུན་གལ་ཆེན་ཞིག་ཀྱང་ཡིན་ཞེས་བསྟན།

རྩོམ་ཡིག་ལས་ཏང་གི་ཚོགས་ཐེངས་ཆེན་ཉི་ཤུ་པའི་སྙན་ཞུས། སློབ་གསོ་དང་ཚན་རྩལ་གྱི་འཇོན་མི་གསོ་སྐྱོང་བྱེད་པའི་ཐད་ཆེད་དུ་བཀོད་སྒྲིག་བྱས་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་ངང་བསྐྲུན་དགོས་པའི་འབོད་སྐུལ་བཏང་ཡོད། ང་ཚོས་འཛུགས་སྐྲུན་བྱ་དགོས་པའི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཡིན་པས། ངེས་པར་དུ་ཏང་གིས་སློབ་གསོའི་བྱ་གཞག་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་དེ་རྩ་བའི་འགན་ལེན་དུ་འཛིན་དགོས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་ལས་འགན་དུ་འཛིན་དགོས་ལ། ཏང་གིས་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་དགོས་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཞབས་འདེགས་ཞུ་རྒྱུ་དེ་ལས་འགན་གལ་ཆེན་དུ་འཛིན་དགོས་པ་ལས་གཞན། སློབ་གསོའི་འདུ་ཤེས་དང་མ་ལག ལམ་ལུགས། ནང་དོན། བྱེད་ཐབས། བཅོས་སྐྱོང་དེང་རབས་ཅན་བཅས་གཞི་རྩའི་ཐབས་ལམ་དུ་བཟུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྲོག་ཤིང་བྱེད་ནུས་སུ་འགྱུར་བར་འདེགས་སྐྱོར་དང་སྣེ་ཁྲིད་བྱས་མཐར། མི་དམངས་ཡིད་ཚིམ་ཐུབ་པའི་སློབ་གསོ་སྒྲུབ་དགོས་ཞེས་བསྟན།

རྩོམ་ཡིག་ལས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་འགུལ་ངང་སྔོན་བརྒལ་བཀོད་སྒྲིག་བྱེད་པ། འགྱུར་ལྡོག་ལ་ཁ་གཏད་ནུས་ལྡན་འཇལ་བ། ནུས་ཤུགས་ཡོད་རྒུས་རྣམ་པ་གསར་བ་བསྐྲུན་པ། སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ། སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་མི་དམངས་ཀྱི་བདེ་སྐྱིད་ཀྱི་རྩ་བ་ཇེ་བརྟན་དུ་གཏོང་བ། སློབ་གསོའི་སྟོབས་ཤུགས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་འབྱོར་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས། གཅིག་ནས་མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་བ་གསོ་སྐྱོང་བྱེད་དགོས། གཉིས་ནས་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱེད་དགོས། གསུམ་ནས་སློབ་གསོའི་ཞབས་ཞུ་ཡི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་དགོས། བཞི་ནས་བཅོས་སྒྱུར་གསར་གཏོད་ཟབ་སྤེལ་བྱེད་པའི་ཁྲོད་དུ་སློབ་གསོ་འཕེལ་རྒྱས་ཀྱི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས། ལྔ་ནས་རྒྱལ་སྤྱིའི་སྟེང་གི་རང་རྒྱལ་གྱི་སློབ་གསོའི་ཤུགས་རྐྱེན་མངོན་སུམ་གྱིས་ཇེ་དྲག་ཏུ་གཏོང་དགོས། དྲུག་ནས་བྱང་ཚད་མཐོ་བའི་དགེ་རྒན་གྱི་དཔུང་སྡེ་གསོ་སྐྱོང་བྱེད་དགོས་ཞེས་བསྟན།

རྩོམ་ཡིག་ལས་སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་རྒྱུ་ནི་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ལས་འགན་ཞིག་ཡིན། ཏང་གིས་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་པ་དང་། ཏང་ཨུ་ཡིས་གཅིག་གྱུར་གྱིས་མགོ་ཁྲིད་དང་ཏང་སྲིད་ཀྱིས་མཉམ་འཛིན་སྤྱི་སྒྲུབ་བྱེད་པ། སྡེ་ཁག་གིས་རང་འགན་རང་ཁུར་བཅས་བྱེད་པའི་སློབ་གསོའི་མགོ་ཁྲིད་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་དགོས། ཡིད་ཆེས་བརྟན་གཏོང་དང་སྙིང་རུས་རྒྱུན་འཁྱོངས་བྱས་ཏེ། སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་གང་མགྱོགས་ཀྱིས་མངོན་འགྱུར་ཡོང་ཆེད་མཉམ་དུ་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།