མི་དམངས་དྲ་བའི་གློག་འཕྲིན་ལྟར། ཚེས23ཉིན། ཧོ་པེ་ཞིང་ཆེན་ཧན་ཏན་གྲོང་ཁྱེར་ཡུང་ཉན་ཆུས་ཀུའེ་ཀུའུ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གི“རྒྱུད་འདྲེས་ཆུ་འབྲས”གསར་གཏོད་ཐོན་མཐོའི་དཔེ་སྟོན་རྟེན་གཞིར། ཆེད་མཁས་པ་ཚོས་ཡུལ་དངོས་སུ་དངོས་གཅོག་ཚད་ལེན་བྱས་པ་བརྒྱུད། མུའུ་རེའི་ཐོན་ཚད་སྤྱི་རྒྱ1326.77ཟིན་ཡོད། དེས་རང་རྒྱལ་གྱི་ཆུ་འབྲས་གཞི་ཁྱོན་ཆེན་པོས་འདེབས་འཛུགས་བྱས་པའི་མུའུ་རེའི་ཐོན་ཚད་ལ་ཡང་བསྐྱར་ཟིན་ཐོ་གསར་བ་བསྐྲུན་པ་མཚོན།
ཞིང་ལས་གྲོང་གསེབ་པུའུ་རྨོ་ཞིང་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་སྲུང་སྐྱོབ་ལྟེ་གནས་ཀྱིས་མཛུབ་ཁྲིད་བྱས་པ་དང་། ཧོ་པེ་ཞིང་ཆེན་ཚན་རྩལ་ཐིང་གིས་རྩ་འཛུགས་བྱས་པ། རྒྱལ་ཡོངས་ཞིང་ལས་ཚན་རྩལ་གསར་གཏོད་མནའ་འབྲེལ་དང་། ཧྭ་ཀྲུང་ཞིང་ལས་སློབ་ཆེན། ཧོ་པེ་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་། ཧོ་པེ་ཞིང་ཆེན་ཞིང་ནགས་ཚན་རིག་ཁང་སོགས་ལས་ཁུངས་ཀྱི་ཆེད་མཁས་པ7གྱིས་གྲུབ་པའི་ཐོན་སྐྱེད་ཚད་ལེན་ཚོ་ཆུང་གིས་དཔེ་སྟོན་རྟེན་གཞི་མུའུ102ཡི་ས་ཞིང3ཟུར་འཐེན་བྱས་ཏེ། མིའི་ཐབས་ཀྱིས་བརྔ་བསྡུ་དང་། འཕྲུལ་འཁོར་གྱིས་འབྲུ་འདོན་པ། དངོས་ལེན་དངོས་རྡུང་བྱས་མཐར་ཆ་སྙོམས་མུའུ་རེའི་ཐོན་འབབ་སྤྱི་རྒྱ1326.77ལ་སླེབས་ཡོད།
ཞིང་ལས་ཞིང་སྡེ་པུའུ་ཡི་ཚྭ་ཞིང་བརྟེན་ནུས་ཆུ་འབྲས་སྐྱེ་དངོས་རིག་པ་དང་རྒྱུད་བཞག་བོན་འབྲུའི་གཙོ་གནད་ཚོད་ལྟ་ཁང་གི་འབུམ་རམས་པ་ལི་ཞིན་ཆི་ཡིས་བཤད་རྒྱུར། ཐེངས་འདིའི་ཧོ་པེ་ཞིང་ཆེན་ཀུའེ་ཀུའུ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་དང་མཉམ་ལས་བྱས་པའི་ཚོད་ལྟའི་རྣམ་གྲངས་ནི། 2020ལོའི་ཟླ12པར་ཧའེ་ནན“རྒྱུད་འདྲེས་ཆུ་འབྲས་ཀྱི་ཐོན་མཐོའི་འགག་སྒྲོལ་ལས་དོན་ཚོགས་འདུ”ཡི་རིང་། ཡོན་ཧྲི་ཡོན་ལུང་ཕིང་གིས་དངོས་སུ་རྩིས་སྤྲོད་བྱས་པའི་རྣམ་གྲངས་ཤིག་ཡིན་ཟེར། །