ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས2020ལོ་དང2021ལོའི་ཀྲུང་གོའི་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-10-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཉིས་སྟོང་ཉི་ཤུ་ལོ་དང་ཉིས་སྟོང་ཉེར་གཅིག་ལོའི་ཀྲུང་གོའི་སྲིད་གཞུང་གི་མཛའ་བཤེས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པར་མཇལ་འཕྲད་གནང་། 

ལིས་ཁི་ཆང་གིས་བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པར་རྟེན་འབྲེལ་ཞུས་པ་དང་། ཁོ་ཚོས་ཀྲུང་གོའི་བཅོས་བསྒྱུར་སྒོ་འབྱེད་དང་འཕེལ་རྒྱས་གོང་སྤེལ། ཀྲུང་ཕྱིའི་མཛའ་མཐུན་འགྲོ་འོང་བཅས་ཀྱི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་མཛད་པ་དང་། ཁོ་ཚོ་བརྒྱུད་དེ་ཀྲུང་གོ་ན་བྱ་བ་སྒྲུབ་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དང་དེའི་ཁྱིམ་མི། དེ་མིན་ཀྲུང་གོའི་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྒྱལ་སྤྱིའི་གྲོགས་པོ་དག་ལ་སྙིང་ཉེ་བའི་འཚམས་འདྲི་མཛད། 

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོས་རང་སྟེང་གི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཁྲོད། སྔར་ལས་ལྷག་པའི་གསར་གཏོད་ཀྱི་སྒུལ་ཤུགས་ནུས་པ་དང་འཇོན་མིའི་རྨང་གཞིའི་གཞོགས་འདེགས་ནུས་པ་འདོན་སྤེལ་བྱེད་དགོས། ང་ཚོས་རྒྱུན་ཆད་མེད་པར་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། འཛམ་གླིང་ཡོངས་ཀྱི་གསར་གཏོད་དྲ་རྒྱའི་ནང་ཧུར་ཐག་སྒོས་ཞུགས་པ། ལག་རྩལ་དང་འཇོན་མི། ལས་གཞི་སོགས་ཐད་ཀྱི་རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་སོ་སོའི་ཚན་རིག་པས་འཛམ་གླིང་ཡོངས་ཀྱི་ཐུན་མོང་གི་འགྲན་རྩོད་ལ་དམིགས་ཏེ་ཞིབ་འཇུག་བྱ་བ་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། 

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་འཇོན་མིར་ལྷག་བསམ་རྣམ་དག་བཅངས་ཡོད་པ་དང་། འཇོན་མི་ནང་འགུག་དང་འཇོན་མིར་བརྩི་འཇོག་བྱེད་པའི་སྲིད་ཇུས་ནམ་ཡང་འགྱུར་མེད། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་འཇོན་མི་ནང་འགུག་བེད་སྤྱོད་བྱ་བའི་ཐབས་ལམ་རྒྱ་བསྐྱེད་དེ། ཕྱི་རྒྱལ་གྱི་མི་རྣམས་ཀྲུང་གོར་ཡོང་ནས་བྱ་བ་སྒྲུབ་པར་ཆོག་མཆན་འགོད་པ་དང་འཇོན་མིའི་ལམ་ཡིག་ལམ་ལུགས་ལེགས་བཅོས་བྱས་ནས། ཚང་མས་ཀྲུང་གོར་བྱ་བ་སྒྲུབ་པ་དང་འཚོ་བ་རོལ་བར་སྟབས་བདེ་བཟོ་དགོས་ཟེར། 

བྱ་དགའ་ཐོབ་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་དག་གིས་ཀྲུང་གོའི་སྲིད་གཞུང་གིས་བྱ་དགའ་གནང་བ་དང་ལིས་ཁི་ཆང་གིས་མཇལ་འཕྲད་གནང་བར་བཀའ་དྲིན་ཞུས་པ་དང་། མུ་མཐུད་དུ་ཀྲུང་གོའི་འཕེལ་རྒྱས་ཐད་ནུས་པ་འདོན་རྒྱུའི་ཚུལ་བསྟན། 

མཇལ་འཕྲད་གནང་རྗེས་དེར་ཡོད་ཀྱི་ཕྱི་རྒྱལ་གྱི་ཆེད་མཁས་པ་ཚང་མ་ལིས་ཁི་ཆང་གི་གདན་ཞུས་ལྟར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་དོན་གཉིས་འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།