ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4པའི་ཚེས23ཉིན་ནས་ཚེས་ཉེར་ལྔ་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀོང་ཏུང་ཀོང་ཀྲིག་དང་ཧྲན་ཐོའུ། ཁྲའོ་ཀྲིག་བཅས་སུ་རྟོག་ཞིབ་བྱས། ཧན་ཀྲིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ཞུགས་དགོངས་པ་མཛུབ་སྟོན་དུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཧན་ཀྲིན་ཀོང་ཀྲིག་ཡུང་ཆིན་ཧྥང་བསྒྱུར་བཀོད་ལས་གཞི་སྤེལ་ཡུལ་དུ་སོང་ནས་གྲོང་ཁྱེར་གསར་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། གྲོང་ཁྱེར་འཆར་འགོད་འཛུགས་སྐྲུན་སོགས་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན། ཧན་ཀྲིན་ཧེ་ཀྲོའུ་རྒྱལ་ཁབ་བརླན་སའི་སྤྱི་གླིང་སོགས་སུ་སོང་ནས་གྲོང་ཁྱེར་གྱི་སྤྱི་བའི་སྒྲིག་ཆས་འཛུགས་སྐྲུན་དང་ཆུའི་ཁོར་ཡུག་བཅོས་སྐྱོང་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཧྲན་ཐོའུ་ཕྱི་སྡོད་རང་མིའི་རིག་དངོས་ཁང་སོགས་སུ་སོང་ནས་ཁྲའོ་ཧྲན་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་དང་གནའ་བོའི་བཟོ་སྐྲུན་ཉམས་གསོ་དང་སྲུང་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། གྲོང་ཁྱེར་གསར་སྐྲུན་བྱེད་ན་ཡུལ་བབ་དང་བསྟུན་དགོས་པས་གཏོར་བཤིག་དང་འཛུགས་སྐྲུན་ཆེན་པོ་མི་བྱེད་པར་སྲོལ་རྒྱུན་རིག་གནས་དང་ལོ་རྒྱུས་ཤུལ་བཞག་སྲུང་སྐྱོབ་ལ་ཤུགས་བསྣན་ཏེ་ཚང་མས་ལོ་རྒྱུས་ཡིད་ལ་ངེས་པར་བྱེད་པ་དང་ཡུལ་གདུང་སོར་འཇོག་བྱེད་དགོས། ཆུའི་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་བསྣན་ཏེ་མི་དམངས་མང་ཚོགས་ལ་སྔར་ལས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་ལོངས་སྤྱོད་བྱེད་དུ་འཇུག་དགོས་ཟེར། ཧན་ཀྲིན་ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཚོ་ཁུག་ཆེན་མོའི་ཀོང་ཏུང་གསར་སྐྲུན་ལས་གཏོད་རྟེན་གཞིར་ཡོང་སྟེ་ཀྲོང་ཀྲིག་གྲོང་ཁྱེར་ཐེན་ཧོ་ཆུའུ་ཡི་ཞང་ཀང་དང་ཨོ་མིན་གྱི་ན་གཞོན་གྱི་ཁྱིམ་དུ་སོང་ནས་ཞང་ཀང་དང་ཨོ་མིན་གྱི་ན་གཞོན་དང་བཞུགས་མོལ་བརྗེ་རེས་བྱས། ཧན་ཀྲིན་གྱིས་བཤད་རྒྱུར། ཞང་ཀང་དང་ཨོ་མིན་ནི་ཁྱེད་ཚོའི་ཁྱིམ་གཞིས་ཡིན་པ་དང་ཀོང་ཏུང་ཡང་ཁྱེད་ཚོའི་ཁྱིམ་གཞིས་ཡིན་ལ། མཚོ་ཁུག་ཆེན་མོའང་ཁྱེད་ཚོའི་ཁྱིམ་གཞིས་ཡིན་པར་མ་ཟད། མེས་རྒྱལ་ཡང་ཁྱེད་ཚོའི་ཁྱིམ་གཞིས་ཡིན། ཚང་མས་རང་གི་ཧུར་བརྩོན་ལ་བརྟེན་ནས་འབད་འཐབ་དམིགས་འབེན་དང་མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པའི་ཞོར་དུ། རང་སྟེང་གི་ཉམས་མྱོང་དང་མཐོང་ཐོས་ཟུང་འབྲེལ་བྱས་ཏེ་མཚོ་ཁུག་ཆེན་མོ་དང་མེས་རྒྱལ་ནང་ལོག་གི་དངོས་ཡོད་གནས་ཚུལ་དྲིལ་སྒྲོག་ཧུར་ཐག་བྱེད་པ་དང་། སྔར་ལས་མང་པོའི་ཞང་ཀང་དང་ཨོ་མིན་གྱི་ན་གཞོན་གྱིས་མཚོ་ཁུག་ཆེན་མོར་རྒྱུས་ལོན་བྱེད་པར་རོགས་བྱེད་པ། ཞང་ཀང་དང་ཨོ་མིན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་སྔར་ལས་ཟབ་ཞུགས་བཟང་བོ་བྱེད་པར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་རྒྱུ་ནི་རེ་བ་ཡིན་ཟེར། འབྲེལ་ཡོད་ཕྱོགས་ཀྱིས་སྲིད་ཇུས་སྔར་ལས་འཐུས་ཚང་དུ་བཏང་སྟེ་ཞང་ཀང་དང་ཨོ་མིན་གྱི་ན་གཞོན་འདི་དག་གི་སྡོད་ཁང་དང་བུ་ཕྲུག་གི་སློབ་གསོ། སྨན་བཅོས་སོགས་ཐད་ཀྱི་དངོས་ཡོད་དཀའ་གནད་ཐག་གཅོད་རོགས་བྱེད་དགོས་ཟེར།
ཧན་ཀྲིན་ཀོང་ཀྲིག་རྒྱལ་སྤྱིའི་སྐྱེ་དངོས་གླིང་ཕྲན་གྱི་ཀོང་ཀྲིག་ཚོད་ལྟ་ཁང་དུ་སོང་ནས་ཚོད་ལྟ་ཁང་འཆར་འགོད་འཛུགས་སྐྲུན་དང་དབུགས་ལམ་ནད་གཞིའི་ཁྱབ་ཁོངས་ཀྱི་ཚན་ཞིབ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཧན་ཀྲིན་གྱིས་ཚོད་ལྟ་ཁང་གིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཁོ་ཚོས་ཧུར་ཐག་གིས་ཚན་རྩལ་སྒྲིག་གཞི་གསར་སྐྲུན་འཚོལ་ཞིབ་བྱས་ནས་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་ཆེན་པོ་འཇོག་དགོས་པའི་སྐུལ་མ་བཏང་།
ཧན་ཀྲིན་ཀོང་ཀྲིག་གྲོང་ཁྱེར་ལའོ་ཀང་ཧོ་ཝན་འགན་སྲུང་རང་བཞིན་གྱི་སྡོད་ཁུལ་དུ་སོང་ནས་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལས་གཞིའི་སྤྱིའི་འཆར་འགོད་དང་སྡོད་ཁང་བཤིག་སྤོ་བཀོད་སྒྲིག་གནས་ཚུལ་འཚམས་སྦྱོར་བྱས་པར་ཉན་པ་དང་། སྤྱི་བའི་གླ་ཁང་བོགས་མ་ལེན་མཁན་གྱི་ཁྱིམ་དུ་སོང་ནས་དུད་ཚང་གི་རེ་ཞུའི་ཆ་རྐྱེན་དང་སྡོད་ཁང་གི་རྒྱ་ཁྱོན། ཁང་གླ། བོགས་མ་གཏོང་བའི་དུས་ཚོད་སོགས་ལ་རྒྱུན་ལོན་ཞིབ་ཕྲ་བྱས། ཧན་ཀྲིན་གྱིས་སྤྱི་བའི་བོགས་གཏོང་སྡོད་ཁང་གི་མཁོ་སྤྲོད་ཇེ་མང་དུ་གཏོང་བ་དང་། ས་གནས་ཀྱིས་སྔར་ལས་བཟང་བོའི་ཉམས་མྱོང་འཚོལ་ཞིབ་བྱེད་པར་སྐུལ་མ་བཏང་སྟེ་གྲོང་ཁྱེར་ཆེན་པོའི་སྡོད་ཁང་གི་འབུར་ཐོན་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱེད་དགོས་ཞེས་ནན་གྱིས་བསྟན།
ཧན་ཀྲིན་ཀྲུང་གུང་ཀྲུང་དབྱང་ནས་ཀྲུང་དབྱང་གསར་བརྗེའི་རྟེན་གཞི་ས་ཁུལ་གྱི་གསང་བའི་འགྲིམ་འགྲུལ་ལམ་ཐིག་ཧྲན་ཐོའུ་འགྲིམ་འགྲུལ་ས་ཚིགས་ཀྱི་གནས་རྙིང་དུ་སོང་ནས་དམར་པོའི་ལོ་རྒྱུས་དང་གསར་བརྗེ་རིག་གནས་སྲུང་སྐྱོབ་གནས་ཚུལ་ལ་རྒྱུས་ལོན་བྱས། ཧན་ཀྲིན་གྱིས་བཤད་རྒྱུར། དམར་པོའི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་དང་དམར་པོའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དངོས་ཡོད་གནད་དོན་ཐག་གཅོད་པ་གཉིས་ཟུང་འབྲེལ་བྱས་ནས་མང་ཚོགས་ཆེད་དུ་དོན་དངོས་བསྒྲུབ་ནས་དཀའ་གནད་ཐག་གཅོད་དགོས་ཟེར།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིས་ཞི་གོང་གི་བྱ་འགུལ་ལ་ཞུགས།