ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་འཛམ་གླིང་ཤུལ་བཞག་རྒྱུ་དངོས་ཀྱི་བསྡོམས་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-07-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་ཟླ6པའི་ཚེས13ཉིན་ནི་རང་རྒྱལ་གྱི་རིག་གནས་དང་རང་བྱུང་ཤུལ་བཞག་རྒྱུ་དངོས་ཀྱི་ཉིན་མོ་ཨང་བཞི་པ་རེད།《འཛམ་གླིང་ཤུལ་བཞག་རྒྱུ་དངོས་སྤྱི་ཆིངས》ནང་ཞུགས་པ་ནས་བཟུང་།རང་རྒྱལ་གྱིས་འཛམ་གླིང་ཤུལ་བཞག་རྒྱུ་དངོས་ཀྱི་རྣམ་གྲངས55ཡིག་ཐོག་སྙན་ཞུ་བྱས་ཡོད་ལ། དེའི་ནང་དུ་རིག་གནས་ཤུལ་བཞག་རྒྱུ་དངོས37དང་། རང་བྱུང་ཤུལ་བཞག་རྒྱུ་དངོས14།རང་བྱུང་དང་རིག་གནས་ཟུང་འཛོམས་ཤུལ་བཞག་རྒྱུ་དངོས4བཅས་ཚུད་ཡོད།འཛམ་གླིང་གི་ཤུལ་བཞག་རྒྱུ་དངོས་བསྡོམས་འབོར་དང་།རང་བྱུང་ཤུལ་བཞག་རྒྱུ་དངོས་དང་ཟུང་འཛོམས་ཤུལ་བཞག་རྒྱུ་དངོས་ཀྱི་བསྡོམས་འབོར་བཅས་ཚང་མ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད་པ་དང་།ཉེ་བའི་ལོ་འགའི་རིང་གི་གོ་ལ་ཧྲིལ་པོའི་འཛམ་གླིང་ཤུལ་བཞག་རྒྱུ་དངོས་ཀྱི་གྲངས་འབོར་འཕར་ཚད་ཆེས་མགྱོགས་པའི་རྒྱལ་ཁབ་ཀྱི་གྲས་སུ་ཚུད་ཡོད།

འདི་ནི་གསར་འགོད་པས་ཚེས13ཉིན་རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ནས་རྒྱུས་ལོན་བྱུང་བ་རེད། རྒྱལ་ཁབ་ནགས་ལས་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རང་རྒྱལ་གྱི་ཝུའུ་ལིན་ཡོན་དང་།གཟི་ཚ་སྡེ་དགུ།ཧོང་ལུང་།གཙང་གསུམ་མཉམ་བཞུར། སི་ཁྲོན་གྱི་དོམ་ཁྲ་འཚོ་གནས་ས་ཁུལ། ཀྲུང་གོའི་ལྷོ་ཕྱོགས་ཁ་སི་ཐེ། སན་ཆིང་རི་བོ། ཞིན་ཅང་གི་ཐེན་ཧྲན་རི་བོ།མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་སོགས(སྐབས་དང་པོའི)འཛམ་གླིང་རང་བྱུང་ཤུལ་བཞག་རྒྱུ་དངོས14ཡོད་པ་དང་།ཐའེ་ཧྲན་རི་བོ་དང་ཧོང་ཧྲན་རི་བོ། གླང་ཆེན་འགྱིང་རི་སོགས་ཟུང་འཛོམས་ཤུལ་བཞག་རྒྱུ་དངོས་ཀྱི་ནང་དུ་ཚུད་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི6.8ཡོད་པས་གཙོ་ཆེ་བའི་རང་བྱུང་སྐྱེ་ཁམས་མ་ལག་དང་རང་བྱུང་ཤུལ་བཞག་རྒྱུ་དངོས་ལ་སྲུང་སྐྱོབ་བྱས་ཡོད།

འགན་འཁུར་པས་བཤད་པ་ལྟར་ན། དུས་ཡུན་རིང་པོའི་ནང་རང་རྒྱལ་གྱིས་རང་བྱུང་ཤུལ་བཞག་རྒྱུ་དངོས་ལ་བརྟེན་ནས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་ནང་རྐྱེན་འཚོལ་ཞིབ་བྱས་ནས་རང་བྱུང་སྲུང་སྐྱོབ་ཀྱི་ལམ་ལུགས་འཛུགས་སྐྲུན་དང་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ། འཛམ་གླིང་གི་རང་བྱུང་ཤུལ་བཞག་རྒྱུ་དངོས་དང་ཟུང་འཛོམས་ཤུལ་བཞག་རྒྱུ་དངོས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་དང་ཕན་ནུས་ལྡན་པའི་ལྟ་སྐུལ་དོ་དམ་བྱ་རྒྱུ་མངོན་འགྱུར་བྱུང་བ་རེད། དུས་མཚུངས་སུ་འཛམ་གླིང་རང་བྱུང་ཤུལ་བཞག་རྒྱུ་དངོས་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་། ལམ་ལུགས། གཏན་འབེབས་བཅས་འཐུས་ཚང་དུ་བཏང་བར་བརྟེན་ནས།རང་བྱུང་ནགས་ཚལ་ཐོན་ཁུངས་སྲུང་སྐྱོབ་དང་། རྨོ་བསྐྱུར་ནགས་རྩྭ་བརླན་གསོ་སྐྱེ་ཁམས་ལས་གཞི་གཙོ་བོ་ལག་བསྟར་དང་།ནགས་ཚལ་དང་།རྩྭ་ཐང་།བརླན་ས་སོགས་རང་བྱུང་ཐོན་ཁུངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ།ཤུལ་བཞག་རྒྱུ་དངོས་ཐོན་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་ཤུགས་ཆེ་རུ་བཏང་བ་དང་།ཤུལ་བཞག་རྒྱུ་དངོས་ས་ཁུལ་གྱི་ཆ་ཚང་རང་བཞིན་དང་ཡང་དག་རང་བཞིན་སྲུང་སྐྱོང་བྱས།

རང་བྱུང་ཤུལ་བཞག་རྒྱུ་དངོས་ཐོན་ཁུངས་སྲུང་སྐྱོབ་ཁྲོད། རང་རྒྱལ་གྱིས་དམངས་དོན་དུ་སྐྱེ་ཁམས་དང་ཚན་རིག་དང་མཐུན་པར་བེད་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོན་ཁུངས་སྲུང་སྐྱོབ་དང་དམངས་འཚོ་འཕེལ་རྒྱས་གཏོང་བ་ཟུང་དུ་སྦྲེལ་ནས། དམིགས་བསལ་གྱི་གཉེར་སྐྱོང་དང་། ཁེ་ཕན་མཉམ་སྤྱོད། སྐྱེ་ཁམས་ཁ་གསབ། འཚོ་བའི་ཁ་གསབ་སོགས་ཀྱི་རྣམ་པ་མང་པོར་བརྟེན་ནས་མང་ཚོགས་ལ་ཕན་འདོགས་པ་དང་དམངས་འཚོ་ལེགས་བཅོས་བྱས་ཡོད། ཤུལ་བཞག་རྒྱུ་དངོས་ཐོན་ཡུལ་ཁག་གིས་ཡུལ་སྐོར་འགྲེམ་སྟོན་འོས་འཚམ་སྤེལ་བར་བརྟེན་ནས་མགྲོན་ཁང་དང་།བཟའ་བཏུང་།འགྲིམ་འགྲུལ།ས་གནས་ཀྱི་ཐོན་རྫས་ལས་སྣོན་དང་ལག་ཤེས་བཟོ་རྩལ་བཅས་འབྲེལ་ཡོད་ཀྱི་ཐོན་ལས་གོང་དུ་འཕེལ་བར་སྐུལ་ཁྲིད་བྱེད་བཞིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན།འཛམ་གླིང་གི་ཤུལ་བཞག་རྒྱུ་དངོས་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི《འཛམ་གླིང་ཤུལ་བཞག་རྒྱུ་དངོས་མིང་ཐོའི》ནང་འཁོད་པའི་མངོན་གསལ་དོད་པའི་ཡོངས་ཁྱབ་རིན་ཐང་ལྡན་པའི་རང་བྱུང་ས་ཁོངས་དང་རིག་གནས་ཤུལ་བཞག་རྒྱུ་དངོས་ཡིན།མིག་སྔའི་བར་དུ་རྒྱལ་ཁབ193《འཛམ་གླིང་ཤུལ་བཞག་རྒྱུ་དངོས་སྤྱི་ཆིངས》ནང་དུ་ཞུགས་ཟིན་པ་དང་། རྣམ་གྲངས1121《འཛམ་གླིང་ཤུལ་བཞག་རྒྱུ་དངོས་ཀྱི་མིང་ཐོའི》ནང་དུ་བཞག་ཡོད།དེའི་ནང་རིག་གནས་ཤུལ་བཞག་རྒྱུ་དངོས་ཀྱི་རྣམ་གྲངས869། རང་བྱུང་ཤུལ་བཞག་རྒྱུ་དངོས213།རང་བྱུང་དང་རིག་གནས་གཉིས་ཀྱི་ཤུལ་བཞག་རྒྱུ་དངོས་རྣམ་གྲངས39བཅས་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།