ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་རྣམ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-07-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་རྣམ་གཉིས་ཀྱིས་ཕན་ཚུན་ལ་འཕྲིན་ཡིག་བསྐུར་ཏེ། རྒྱལ་ཁབ་གཉིས་ཀྱིས་ལག་རྡང་སྦྲེལ་ཏེ་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། རིམས་ནད་ཀྱི་མདུན་དུ་ཀྲུང་གོ་དང་ཨ་ཀེན་ཐིན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱས་པ་དེ་ལས་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པ་མཚོན་ཡོད། དེང་སྐབས། ཀྲུང་གོ་དང་ཨ་ཀེན་ཐིན་སོགས་ལ་ཏེན་མེ་གླིང་གི་རྒྱལ་ཁབ་ཚང་མ་རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་བརྟན་འཇགས་སུ་གཏོང་བ། དམངས་ཚིས་འགན་སྲུང་བྱེད་པའི་ལས་འགན་ལྗིད་མོ་དང་འཕྲད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ་རིམས་འགོག་མཉམ་ལས་རྒྱ་ཆེར་སྤེལ་བ་དང་ཨ་ཀེན་ཐིན་ལ་ནུས་ཤུགས་གང་ཡོད་ཀྱི་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད་ཟེར། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་བློ་ཐག་རྦད་ཆོད་སྒོས་ཨ་ཀེན་ཐིན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བརྟན་འཇགས་དང་འཕེལ་རྒྱས་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱས་པར་རྒྱབ་སྐྱོར་བྱེད་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་བརྗེ་རེས་དང་དངོས་གཉེར་མཉམ་ལས་བཟང་བོ་བྱས་ནས། ཀྲུང་གོ་དང་ཨ་ཀེན་ཐིན་བར་གྱི་ཁྱོན་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧྥེ་ཨར་ནན་ཏི་སི་ཡིས་བཤད་དོན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་ལ་ཁ་གཏད་འཇལ་བར་འབད་བརྩོན་ལྷོད་མེད་བྱས་པ་དང་རྒྱལ་སྤྱིའི་རིམས་འགོག་འཐབ་རྩོད་ཁྲོད་དུ་འགོ་ཁྲིད་ཀྱི་ནུས་པ་བཏོན་པར་བཀའ་དྲིན་ཆེ་ཞུ་བ་དང་། ལྷག་པར་དུ་ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ་བ་ཡིན། དམིགས་བསལ་གྱི་དུས་སྐབས་འདིར་ང་ཚོར་ཨ་ཀེན་ཐིན་དང་ཀྲུང་གོའི་བར་དུ་མཛའ་བཤེས་ཟབ་མོ་ཆགས་ཡོད་པའི་མྱོར་ཚོར་སྐྱེས་བྱུང་། ང་ཚོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་འོད་སྟོང་འབར་བའི་དུས་སྐབས་གསར་སྐྲུན་བྱེད་བཞིན་ཡོད་ལ། ཨ་ཀེན་ཐིན་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དང་དེ་མིན་ཕྱོགས་མང་མཉམ་ལས་སྔར་ལས་རྒྱ་ཆེར་སྤེལ་ཐུབ་པར་བདག་ལ་ཡིད་ཆེས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།