ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་བྱ་བ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཁྱོན་ཡོངས་ནས་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་རྒྱུས་ལོན། བཅའ་ཁྲིམས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་གནས་པའི་གནད་དོན་གཙོ་བོར་ཐག་གཅོད་བྱས་ཏེ། ཞིང་ལས་འཕྲུལ་ཆས་ཅན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱེད་འགོ་བརྩམས།
གསར་འགོད་པས་ཟླ6པའི་ཚེས1ཉིན་པེ་ཅིང་དུ་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བར་བཅའ་ཁྲིམས་ཀྱིས་ཁྲིམས་འཛིན་ཞིབ་བཤེར་བྱེད་པའི་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིབ་བཤེར་ཚོགས་ཆུང་གིས་ཟླ6པ་ནས་ཟླ7པའི་ཟླ་སྟོད་བར། ཅི་ལིན་དང་། ཅང་སུའུ། ཧི་ནན། ཁྲུང་ཆིང་། སི་ཁྲོན། ཤིན་ཅང་བཅས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)6ལ་བསྐྱོད་དེ་ཞིབ་བཤེར་བྱ་རྒྱུ་དང་། དེ་དང་དུས་མཚུངས་སུ་ནང་སོག་དང་། ཧེ་ལུང་ཅང་། ཨན་ཧུའེ། ཅང་ཤིས། ཧྲན་ཏུང་། ཀུའེ་ཀྲོའུ་བཅས་ཞིང་ཆེན་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན6གིས་སྲིད་འཛིན་ས་ཁོངས་དེ་གའི་ཞིང་ལས་འཕྲུལ་ཆས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་མངགས་བཅོལ་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་ཁྱོན་ཡོངས་ནས་ཞིང་ལས་འཕྲུལ་ཆས་ཅན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་རྒྱུས་ལོན་བྱེད་པའི་རྨང་གཞིའི་ཐོག་ཞིང་ལས་འཕྲུལ་ཆས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དང་། ཞིང་ལས་འཕྲུལ་ཆས་ཀྱི་ཆ་འཕྲིན་ལ་སྐུལ་འདེད་བཅས་བཏང་ནས་ཚན་རིག་ཞིབ་འཇུག་དང་གསར་སྤེལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཞིང་ལས་འཕྲུལ་ཆས་ཅན་གྱི་ཚད་གཞིའི་མ་ལག་འཛུགས་སྐྱོང་དང་། སྤྱི་ཕན་རང་བཞིན་གྱི་ཞིང་ལས་འཕྲུལ་ཆས་ཀྱི་ལག་རྩལ་གསོ་སྦྱོང་ཁྱབ་གདལ་དུ་གཏོང་རྒྱུ། ཞིང་འཕྲུལ་ལས་སྒྲུབ་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ། ནོར་སྲིད་དང་། དངུལ་རྩ། ཁྲལ་བསྡུ་བཅས་ཀྱི་གཟིགས་སྐྱོང་སྲིད་ཇུས་སྤྱད་ནས་ཞིང་ལས་འཕྲུལ་ཆས་ཅན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུ། ཞིང་ལས་འཕྲུལ་ཆས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། ཞིང་ལས་འཕྲུལ་ཆས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་དང་ཞིང་ལས་འཕྲུལ་ཆས་ཀྱི་ནུས་པར་བརྟག་དཔྱད་དང་ཞིང་ལས་འཕྲུལ་ཆས་ཀྱི་བདེ་འཇགས་ཐོན་སྐྱེད་དོ་དམ་གནས་ཚུལ་ལ་ཞིབ་བཤེར་སོགས་བྱ་རྒྱུ་རེད།
ཟླ7པའི་ཟླ་སྨད་དུ་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས་ཁྲིམས་འཛིན་ཞིབ་བཤེར་གྱི་སྙན་ཞུའི་མ་ཟིན་ལ་ཞིབ་འཇུག་གྲོས་བསྡུར་བྱ་རྒྱུ་དང་། ཟླ8པའི་ཟླ་སྨད་དུ་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་ལ་ཁྲིམས་འཛིན་ཞིབ་བཤེར་གྱི་གནས་ཚུལ་སྙན་སེང་ཞུ་རྒྱུ་རེད། །