ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : གཡང་སྐྱིད།   སྤེལ་དུས། : 2020-04-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཤིན་ཧྭ་གསར་འགྱུར་ཁང་གི་འཕྲིན། ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙུའོ་ཁོའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།

ཞི་ཅིན་ཕིང་གིས་མིག་སྔར་ཧིན་རྡུ་ཉི་ཞི་ཡ་ཚུད་པའི་རྒྱལ་ཁབ་མང་པོ་དང་ས་ཆ་མང་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བར། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་ཧིན་རྡུ་ཉི་ཞི་ཡ་སྲིད་གཞུང་དང་ཧིན་རྡུ་ཉི་ཞི་ཡའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། དཀའ་སྤྱད་འབད་འཐབ་ལྷོད་མེད་བྱས་པ་བརྒྱུད། ཀྲུང་གོ་མི་དམངས་རྣམས་དཀའ་ངལ་གྱི་གནས་ལས་སྒྲོལ་ཐུབ་པ་བྱུང་ཡོད། ཧིན་རྡུ་ཉི་ཞི་ཡར་མིག་སྔར་དཀའ་ངལ་འཕྲད་བཞིན་ཡོད་པ་ང་ཚོར་གཞན་སྡུག་རང་མྱོང་ལྟ་བུ་བྱུང་། ང་ཚོས་རྒྱབ་སྐྱོར་དང་རོགས་རམ་བྱས་ནས་དུས་སྐབས་ཀྱི་དཀའ་ངལ་ཁྱད་བསད་བྱེད་འདོད་ཡོད། ཙུང་ཐུང་སྐུ་ཞབས་མཆོག་གི་འགོ་ཁྲིད་འོག ཧིན་རྡུ་ཉི་ཞི་ཡས་རིམས་ནད་ལས་མཐར་རྣམ་པར་རྒྱལ་ངེས་ཡིན་པ་ཡིད་ཆེས་ཡོད་ཅེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཛ་དྲག་པའི་རིམས་ནད་བྱུང་སྐབས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་ཕན་ཚུན་རྒྱབ་སྐྱོར་བྱས་ནས་སྐྱིད་སྡུག་མཉམ་མྱོང་དང་ལྟ་རེས་སྐྱོང་རེས་བྱེད་པའི་བརྩེ་སེམས་ཟབ་མོ་མངོན་ཡོད། འདི་ལོ་ནི་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་70འཁོར་བ་དང་། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

ཞི་ཅིན་ཕིང་གིས་ད་ཐེངས་ཀྱི་རིམས་ནད་ནི་མིའི་རིགས་ཡོངས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཚེ་གཞི་ནས་རིམས་ནད་ལས་རྣམ་པར་རྒྱལ་ངེས་རེད། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དབར་མཉམ་ལས་དམ་ཟབ་བྱས་ནས། རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཉམས་ཉེན་ལ་ཁ་གཏད་གཅོག་པ་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཐད་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཟུང་ནས། གོ་ལ་ཧྲིལ་པོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་དང་ནུས་པས་ལྕོགས་ཚོད་ཀྱིས་རྒྱབ་སྐྱོར་བྱས་ཏེ། རྒྱལ་ཁབ་ཁག་དང་མཉམ་དུ་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་ཅིག་གཏོད་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།

ཙུའོ་ཁོའོ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག ཀྲུང་གོ་མི་དམངས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམག་འཐབ་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། འཛམ་གླིང་གིས་དེ་ཉིད་དཔྱད་གཞིར་འཛིན་རིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་དངོས་པོའི་རོགས་སྐྱོར་དང་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། དེ་ནི་ཧིན་རྡུ་ཉི་ཞི་ཡའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད། ནད་དུག་ནི་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་དགྲ་བོ་ཞིག་རེད། མིང་ཆད་བཟོ་བའི་བྱེད་སྤྱོད་གང་རུང་ལ་ཧིན་རྡུ་ཉི་ཞི་ཡས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཧིན་རྡུ་ཉི་ཞི་ཡས་ཀྲུང་གོ་ཕྱོགས་དང་མཉམ་ལས་གཏིང་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རེ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

རྩོམ་སྒྲིག་པ། : རིག་འཛིན་ལྷ་མོ།