ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་རིམས་འགོག་དང་ཐོན་སྐྱེད་གཉིས་ཀར་འཐུས་ཤོར་མི་ཡོང་བ་དང་ལས་ཐོན་བསྐྱར་ཚུགས་བྱས་ནས་འབབ་འཕར་འགན་ལེན་བྱེད་དགོས་པ་བསྟན།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-04-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཚེས31ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་སུན་ཁྲུན་ལན་གྱིས་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གི་སྣེ་ཁྲིད་དེ་ཞན་ཉིང་གྲོང་ཁྱེར་དུ་དཔྱིད་རྨོད་ཐོན་སྐྱེད་དང་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

ཞན་ཉིང་ཆུས་ཐིང་སི་ཆའོ་གྲོང་རྡལ་ཧོང་ཅིང་ཐང་གྲོང་ཚོའི་དཔྱིད་ཀའི་ཇ་ལོ་འདེབས་འཛུགས་རྟེན་གཞིར་སུན་ཁྲུན་ལན་གྱིས་ལས་ཀ་བྱེད་བཞིན་པའི་གྲོང་མི་དང་མཛའ་བརྩེའི་བཀའ་མོལ་གནང་ནས་དཔྱིད་རྨོད་ཐོན་སྐྱེད་དང་། ཁྱིམ་ཚང་གི་ཡོང་འབབ། གཟུགས་གཞི་བདེ་ཐང་གི་གནས་ཚུལ་བཅས་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག་པས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་དཔྱིད་རྨོད་ཐོན་སྐྱེད་དུས་ཚོད་ལ་དམ་འཛིན་བྱེད་པ་དང་། དུས་མཚམས་དབྱེ་ནས་ཞིང་ལས་བྱེད་པ་དང་ཁ་འགྲེམས་ཞིང་ལས་བྱ་རྒྱུར་གོ་རིམ་ལྡན་པའི་བཀོད་སྒྲིག་བྱེད་དགོས། ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་བརྒྱབ་སྟེ་ཞིང་པར་ཞིབ་ཚགས་ཅན་གྱི་ལག་རྩལ་མཛུབ་ཁྲིད་བྱེད་པ་དང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དབོར་འདྲེན་དང་ངལ་རྩོལ་ནུས་ཤུགས་འཁོར་རྒྱུག་བྱ་རྒྱུར“ལྗང་མདོག་བགྲོད་ལམ”བཏོད་དེ་ཞིང་འབྲེལ་ཐོན་སྐྱེད་རྒྱུ་ཆ་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས། ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་བྱེད་ཐབས་སྣ་མང་གི་ཐོག་ནས་ཧུའུ་པེའི་ནམ་དུས་ལ་བསྟུན་པའི་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ལ་མགྱོགས་མྱུར་འཚོང་ལམ་གཏོད་རོགས་བྱེད་དགོས་ཞེས་གསུངས་པ་རེད།

དེ་རྗེས་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་ཧུའུ་པེའི་ཨའོ་རུའེ་ཅིན་ཐུམ་སྒྲིལ་ཚད་ཡོད་ཀུང་སི་དང་ཞན་ཉིང་ནན་པོའོ་གློག་འོད་ཤེལ་སྒོ་ཚད་ཡོད་ཀུང་སིར་ཕེབས་ནས་ཐོན་སྐྱེད་འཁོར་ཁང་དུ་ཐོན་སྐྱེད་གནས་ཚུལ་ལ་གཟིགས་ནས་མཁྱེན་རྟོགས་གནང་ཞིང་། སུན་ཁྲུན་ལན་གྱིས་མིག་སྔ་ནི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་འགག་རྩའི་དུས་མཚམས་ཡིན་པས་ཐོན་སྐྱེད་འཕེལ་རྒྱས་ཀྱི་རྒྱབ་སྐྱོར་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱིས་མཉམ་དུ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་སྒུལ་ནུས་ཆེ་རུ་གཏོང་བ། ཁེ་ལས་འབྲིང་གྲས་དང་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དུས་ཚོད་དམ་འཛིན་གྱིས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས། ས་གནས་དང་ཁེ་ལས་ཀྱིས་ཚུར་ལན་བྱས་པའི་དཀའ་གནད་དང་རྙོག་འཛིང་གི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་བརྟན་པོའི་ངང་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།