ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་ནས་གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་གི་བདེ་འཇགས་དོ་དམ་སྲོལ་ཡིག》ཡོངས་བསྒྲགས་བྱས་པ་དང་། 2020ལོའི་ཟླ1ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་གི་བདེ་འཇགས་དོ་དམ་སྲོལ་ཡིག》གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར། ཏང་གི་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་གཏོད་རྒྱུར་དམིགས་པ། དམག་གྲབས་དམག་རྒྱག་ལ་གཞིགས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། སྔོན་འགོག་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས། ཕྱོགས་ཡོངས་ནས་ནན་པོ་མཐའ་འཁྱོངས། བདེ་འཇགས་འཕེལ་རྒྱས་མཐའ་འཁྱོངས། བདེ་འཇགས་དོ་དམ་ལམ་ལུགས་ཚད་ལྡན་གསར་གཏོད་བཅས་བྱས་ཡོད་པ་དང་། དེ་རང་དམག་གི་བདེ་འཇགས་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། དཔོན་དམག་གི་བདེ་འཇགས་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། དཔུང་སྡེ་ཕྱོགས་ཡོངས་ནས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།
གསར་དུ་བཟོ་བཅོས་བརྒྱབ་པའི《དམག་དཔུང་གི་བདེ་འཇགས་དོ་དམ་སྲོལ་ཡིག》ལ་ཁྱོན་ལེའུ15དང་དོན་ཚན139ཡོད་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་འོག་ཁོངས་སྒྲིལ་སྤྱི་འདོམས་དང་། ལས་བགོས་འགན་འཁུར། མཐུད་མཚམས་ཁ་གསལ་བཅས་ཀྱི་འགོ་ཁྲིད་ཀྱི་དོ་དམ་སྒྲིག་གཞི་གཏོད་པ་དང་ཆགས་རྒྱུར་དམིགས་ནས་དམག་འཐབ་ལ་དམ་འཛིན་དང་དོ་དམ་བྱེད་པའི་སྟོན་ཕྱོགས་གསལ་པོརཤུགས་སྣོན་བརྒྱབ་པས་བདེ་འཇགས་སློབ་གསོ་དང་བདེ་འཇགས་སྦྱོང་བརྡར་གྱི་ནང་དོན་གཙོ་བོ་དང་སྒྲིག་འཛུགས་བྱ་ཐབས་ཁ་གསལ་བྱུང་བ་དང་། བདེ་འཇགས་རྨང་གཞི་འདིང་བ་དང་། བདེ་འཇགས་དབྱེ་ཞིབ་སྔོན་དཔག བདེ་འཇགས་ཉེན་ཁ་དཔྱད་དཔོག བདེ་འཇགས་ཞིབ་བཤེར། བདེ་འཇགས་ལྟ་འདོམས་བཅས་ཀྱི་ཞིབ་ཕྲའི་བླང་བྱ་དང་ནང་དོན་གཙོ་བོ་ཚད་ལྡན་བཅས་ཐུབ་པ་དང་ཆབས་ཅིག་ལས་འཛོལ་རིམ་པ་དབྱེ་བ་དང་། ལས་འཛོལ་འཕྲལ་སྡོམ་ཐག་གཅོད། བརྟག་དཔྱད་ཐག་གཅོད། འགན་འཁྲི་རྩད་གཅོད་སོགས་ཀྱི་ནང་དོན་ཚད་ལྡན་གཅིག་གྱུར་བྱས་པ་དང་། དཔུང་སྡེའི་བདེ་འཇགས་དོ་དམ་གྱི་ལག་ལེན་གསར་པར་གཞིགས་ནས་བདེ་འཇགས་དོ་དམ་ལམ་ལུགས་ཁག་མང་པོ་འཐུས་སྒོ་ཚང་དུ་བཏང་སྟེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་འགོག་ཟོན་དང་སེལ་བ་དང་། དམག་དཔུང་བདེ་འཇགས་དོ་དམ་གྱི་ཆེད་ལས་ཅན་དང་། ཞིབ་ཚགས་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད་པ་རེད། །