ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་ལ་འཇབ་རྒོལ་བྱས་པ་ལས་ཉུང་མཐར་ཡང་མི40ཚེ་ལས་འདས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-05-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ལེ་སི་ཐན་བརྙན་འཕྲིན་ཁང་གིས་ཚེས14ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཚེས13ཉིན་གྱི་དགོང་མོར་ཅ་ཧྲ་ས་ཁུལ་དབུས་ཕྱོགས་ཀྱི་ནུ་སའེ་ལའེ་ཐེ་རུ་ཡོད་པའི་སྐྱབས་བཅོལ་བའི་སྒར་སར་འཇབ་རྒོལ་ཐེབས་ཤིང་། ཉུང་མཐར་ཡང་མི40ཚེ་ལས་འདས། 

པར་འདི་ནི་ཟླ5པའི་ཚེས14ཉིན་ཅ་ཧྲ་ས་ཁུལ་དབུས་ཕྱོགས་ཀྱི་ནུ་སའེ་ལའེ་ཐེ་རུ་ཡོད་པའི་སྐྱབས་བཅོལ་བའི་སྒར་ས་རུ་མི་རྣམས་འཇབ་རྒོལ་ཐེབས་རྗེས་ཀྱི་འཛུགས་སྐྲུན་སྙིགས་རོ་ལ་བལྟ་བཞིན་པའི་རྣམ་པ་རེད། 

གསར་འགྱུར་ནང་། དབྱི་སི་རལ་དམག་དཔུང་གིས་ཚེས13ཉིན་གྱི་དགོང་མོར་ནུ་སའེ་ལའེ་ཐེའི་སྐྱབས་བཅོལ་སྒར་སའི་སྡོད་ཁང་དང་སློབ་གྲྭ་ཞིག་ལ་འཇབ་རྒོལ་ཐེབས། རྐྱེན་ལམ་དུ་ཤོར་མཁན་ཁྲོད་སྐྱེས་མ་དང་བྱིས་པ་འདུས་ཡོད་ལ། མི་མང་པོ་ལ་རྨས་སྐྱོན་ཐེབས་ཤིང་། རྨས་མ་རྣམས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། 

གཞན་ཡང་ཅ་ཧྲ་ས་ཁུལ་གྱི་རྒྱུས་ཡོད་མི་སྣས་ཚེས14ཉིན་བཤད་རྒྱུར། དབྱི་སི་རལ་གྱི་ཐན་ཁེ་དམག་དཔུང་གིས་ཉིན་དེར་ཅ་ཧྲ་ས་ཁུལ་གྱི་ལྷོ་ཕྱོགས་གྲོང་ཁྱེར་ལ་ཧྥའི་དཀྱིལ་དབུས་ལ་འཇབ་རྒོལ་བྱེད་མགོ་བརྩམས་ཤིང་། དབྱི་སི་རལ་གྱི་དམག་མིས་འཇབ་རྒོལ་བྱེད་པའི་གོ་རིམ་ཁྲོད་ཕ་ལེ་སི་ཐན་གྱི་དྲག་ཆས་མི་སྣ་བར་འགལ་འདུ་བྱུང་།   

ཕ་ལེ་སི་ཐན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་ཚེས14ཉིན་བསྒྲགས་པའི་གཞི་གྲངས་ལྟར་ན། དབྱི་སི་རལ་དམག་དཔུང་གིས་འདས་པའི་ཆུ་ཚོད24རིང་ཅ་ཧྲ་ས་ཁུལ་དུ་འཇབ་རྒོལ་བྱས་པ་ལས་མི82ཚེ་ལས་འདས་པདང་མི234ལ་རྨས་ཕོག ན་ནིང་གི་ཟླ10པར་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་འགལ་འདུ་རབས་གསར་བ་བྱུང་བའི་ཚུན་དུ། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་དམག་དོན་གྱི་བྱ་སྤྱོད་སྤེལ་བ་ལས་ཕ་ལེ་སི་ཐན་གྱི་མི་ཁྲི3.51ལས་བརྒལ་བ་རྐྱེན་ལམ་དུ་ཤོར་ཞིང་། མི་ཁྲི7.9ལས་བརྒལ་བར་རྨས་སྐྱོན་བཟོས་པ་རེེད།  །

པར་འདི་ནི་ཟླ5པའི་ཚེས14ཉིན་ཅ་ཧྲ་ས་ཁུལ་དབུས་ཕྱོགས་ཀྱི་ནུ་སའེ་ལའེ་ཐེ་རུ་ཡོད་པའི་སྐྱབས་བཅོལ་བའི་སྒར་ས་རུ་སྐྱེས་པ་ཞིག་གིས་འཛུགས་སྐྲུན་སྙིགས་རོ་འོག་རང་དངོས་འཚོལ་བཞིན་པའི་རྣམ་པ་རེད། 

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།