ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཨུ་རུ་སུར་འཇིགས་སྐུལ་བྱས་པའི་འཇབ་རྒོལ་དོན་རྐྱེན་ནང་ཞུགས་མཁན་གྱི་མི་ཚང་མ་འཛིན་བཟུང་བྱ་དགོས་པའི་རེ་བ་བཏོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2024-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཟླ3པའི་ཚེས31ཉིན་སྤེལ་བའི་གསར་བསྒྲགས་ནང་། ཨུ་རུ་སུར་འཇིགས་སྐུལ་བྱས་པའི་འཇབ་རྒོལ་དོན་རྐྱེན་ནང་ཞུགས་མཁན་གྱི་མི་ཚང་མ་འཛིན་བཟུང་བྱ་དགོས་པའི་རེ་བ་བཏོན། 

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་གཞུང་ཕྱོགས་དྲ་བའི་སྟེང་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཟླ3པའི་ཚེས22ཉིན་མོ་སི་ཁོའི་ཉེ་འགྲམ་གྱི་རོལ་དབྱངས་ཁང་ལ་འཇབ་རྒོལ་ཐེབས་པ་དེ་ཉེ་བའི་ལོ་འགའ་རིང་ཨུ་རུ་སུ་ལ་ཐེངས་དང་པོ་འཇབ་རྒོལ་བྱས་པ་མིན་ལ། ཨུ་རུ་སུའི་འབྲེལ་ཡོད་སྡེ་ཁག་གིས་བརྟག་དཔྱད་བརྒྱུད། དོན་རྐྱེན་བཟོ་མཁན་ཚང་མ་ཝུའུ་ཁུ་ལན་ལ་རག་ལས་པ་རེད། 

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས་གསལ་བསྒྲགས་ནང་། ཉེ་བའི་ལོ་ཤོས་རིང་ཨུ་རུ་སུར་བྱུང་བའི་འཇབ་རྒོལ་དོན་རྐྱེན་དང་དེ་ལས་ཤི་རྨས་ཐེབས་པའི་གནས་ཚུལ་དཔེ་དྲངས་ཡོད་ལ། དེའི་ཁྲོད་མི42ལ་རྨས་སྐྱོན་ཐེབས་པའི་ཧྲིན་པའོ་ཏི་པའོ་ཁོ་ཧྥེ་ཁང་གི་གས་གཏོར་དོན་རྐྱེན་དང་། ཨུ་རུ་སུའི་རྩམ་པ་པོ་ཕུའུ་ལི་ལའེ་ཕིང་ལ་རླངས་འཁོར་གས་གཏོར་གྱི་འཇབ་རྒོལ་ཐེབས་པ་སོགས་ཚུད་ཡོད་པ་རེད། 

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡིས། རྒྱལ་སྤྱིའི་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་བྱེད་པ་ནི་རྒྱལ་ཁབ་ཚང་མར་འགན་འཁྲི་ཡོད་པ་ཡིན། ཨུ་རུ་སུ་ཕྱོགས་ཀྱིས་ཝུའུ་ཁུ་ལན་ལ་འཇིགས་སྐུལ་བྱ་འགུལ་ལ་རམ་འདེགས་བྱེད་མཚམས་འཇོག་དགོས་པའི་རེ་བ་བཏོན། ཝུའུ་ཁུ་ལན་གྱིས་འཇིགས་སྐུལ་སྤྱི་ཆིངས་ནང་གཏན་ཁེལ་བྱས་པའི་འོས་འགན་དང་འགལ་ཚེ་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་འགན་འཁུར་དགོས་པར་བཤད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།