ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་མང་བོས་བྱ་འགུལ་སྣ་མང་སྤེལ་ནས་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་རོལ།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། ཨུ་རུ་སིའི་ཧྲིན་པུས་ཏི་པའོ་གྲོང་ཁྱེར་ལྟེ་གནས་ཀྱི་ནེ་ཝ་ཆུ་བོའི་སྟེང་གི་ས་གནས་མཚོན་རྟགས་ཅན་གྱི་བཟོ་བཀོད་ཏུང་ཀུང་ཟམ་ཁར་ལྒང་ཞུ་དམར་པོ་སྒྲོན་ཡོད་པ་དང་། གྲོང་ཁྱེར་སྡོད་དམངས་དག་གིས་གནས་དེར་འདྲ་པར་བླངས་ནས། འབྲུག་ལོའི་ལུགས་རྙིང་ལོ་སར་ལ་དགའ་སྟོན་རྟེན་འབྲེལ་ཞུགས།

ཨ་མེ་རི་ཁའི་ཉིག་ཡོའི་ས་གནས་མཚོན་རྟགས་རང་བཞིན་གྱི་བཟོ་བཀོད་བཙན་རྒྱལ་ཐོག་ཁང་ཆེན་མོར་ཀྲུང་གོའི་ལུགས་རྙིང་ལོ་སར་གྱི་བརྗོད་དོན་གློག་སྒྲོན་བཀར་བ་དང་། ཐོག་ཁང་ཆེན་མོ་དེས་ད་རུང་དུས་བཞིའི་འབྲུག་གི་འཁྱུག་འགྲོས་ཞེས་པའི་ལུགས་རྙིང་ལོ་སར་གྱི་ལོ་རྟགས་འགྲེམ་སྟོན་བྱེད་ས་བཀོད་སྒྲིག་བྱས་ཡོད།

ད་ལོར་སི་ཕན་གྱི་པཱ་སེ་ལོ་ནཱའི་ས་གནས་མཚོན་རྟགས་ཅན་གྱི་བཟོ་བཀོད་གཟི་བརྗིད་ལྕགས་སྡོང་དང་པཱ་ཐི་ལོའི་ཁྱིམ་དུའང་དགའ་སྟོན་རྟེན་འབྲེལ་གྱི་གློག་སྒྲོན་བཀར་ཡོད་ལ། པཱ་ཐི་ལོའི་ཁྱིམ་གྱི་སྒོ་ཁར་སེང་གེའི་འཁྲབ་སྟོན་སོགས་སྲོལ་རྒྱུན་གྱི་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྤེལ་བ་རེད།

ཞི་ལཱའི་རྒྱལ་ས་ཡཱ་ཏེན་ནས། ཀྲུང་གོའི་ལུགས་རྙིང་ལོ་སར་བརྗོད་དོན་ཡིན་པའི་གླིང་གའི་བྱ་འགུལ་སྤེལ་མགོ་བརྩམས་པ་དང་། ཀ་རའི་རི་མོ་དང་སེང་གེའི་འཁྲབ་སྟོན། ཁོན་ཆུས་ཟློས་གར་སོགས་སྣ་མང་ཕུན་སུམ་ཚོགས་པའི་འཁྲབ་སྟོན་ལས་ཡཱ་ཏེན་དུ་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་དུས་ཆེན་གྱིས་སྣང་ཚུལ་ལྡན་པར་བྱས་ཡོད།

ཨ་ཀིན་ཐིན་གྱི་རྒྱལ་ས་པུའུ་དབྱེ་ནོའུ་སི་ཨེ་ལེ་སི་ནས། མི་རྣམས་ཀྱིས་གྲུ་གཟིངས་འབྲུག་མགོ་མའི་འགྲན་སྡུར་སྤེལ་ནས་མཉམ་དུ་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་རོལ། ཀྲུང་གོ་དང་ཨ་ཀིན་ཐེན་རྒྱལ་ཁབ་གཉིས་ནས་ཡོང་བའི་རུ་ཁག་སོ་བདུན་དང་འགྲན་ཞུགས་པ་མི་ལྔ་བརྒྱ་ལྷག་གིས་སྐོར་ཁག་བགོས་ནས་རྩལ་ནུས་མངོན་པ་དང་དཀའ་སྤྱད་འབད་བརྩོན་བྱས།  །

 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།