ཀྲུང་གོ་བོད་ཀྱི་དྲ་བ།

ཧང་ག་རིའི་ཙུང་ཐུང་ནོའུ་ཝ་ཁི་ཡིས་ལས་འགན་ཁུར་མཚམས་འཇོག་པའི་དགོངས་ཞུ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : གངས་ལྗོངས་མེ་ལོང་།     སྤེལ་དུས། : 2024-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧང་ག་རིའི་ཙུང་ཐུང་ནོའུ་ཝ་ཁི་ཡིས་ཚེས་བཅུ་ཉིན་ཧང་ག་རིའི་རྒྱལ་ཁབ་བརྙན་འཕྲིན་ཁང་དང་པོ་ནས་གསལ་སྒྲོག་སྤེལ་ཏེ། ཙུང་ཐུང་གི་ལས་འགན་བསྐྱུར་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

ཧང་ག་རིའི་སྨྱན་བྱད་ཀྱིས་ཉེ་སྔོན་བསྒྲགས་པ་ལྟར་ན། ནོའུ་ཝ་ཁི་ཡིས་ན་ནིང་ཟླ་བཞི་བར་ཉིས་སྟོང་ཉེར་གཉིས་ལོར་གོང་རིམ་མགོ་ཁྲིད་པས་ནར་སོན་མེད་པའི་མིར་ལོག་གཡེམ་བྱས་པའི་ནག་ཉེས་འགེབས་སྲུང་བྱས་པའི་དབང་གིས་ཉེས་ཆད་བཅད་པའི་སྐྱེས་པ་ཞིག་སྲོག་ཐར་ལ་བཏང་བ་དང་། དོན་དེ་བསྒྲགས་རྗེས་མང་ཚོགས་ཁྲོད་མ་དགའ་བའི་བསམ་ཚུལ་མང་བོ་བྱུང་ཡོད། ཚེས་དགུ་ཉིན། ངོ་རྒོལ་མཁན་གྱིས་རྒྱལ་ས་པུའུ་ཏཱ་ཕའེ་སི་ནས་རྔམ་སྟོན་ཁྲོམ་སྐོར་བྱས་ཏེ། ནོའུ་ཝ་ཁི་ཡིས་ལས་འགན་བསྐྱུར་དགོས་པའི་རེ་བ་བཏོན། ནོའུ་ཝ་ཁི་ཡིས་ཚེས་བཅུ་ཉིན་ལས་འགན་ཁུར་མཚམས་འཇོག་པའི་དགོངས་ཞུ་བྱེད་པའི་གསལ་སྒྲོག་ནང་ཉེས་ཅན་སྲོག་ཐར་ལ་བཏང་བའི་དོན་དེའི་ཐད་ནས་དགོངས་དག་ཞུས།

ནོའུ་ཝ་ཁི་ཡིས་ལས་འགན་ཁུར་མཚམས་འཇོག་པའི་དགོངས་ཞུ་བྱེད་པ་ཁྱབ་བསྒྲགས་བྱས་རྗེས། ཧང་ག་རིའི་སྔོན་ཆད་ཀྱི་ཁྲིམས་འཛིན་པུའུ་ཀྲང་བོ་ཨར་ཀའོ་ཡུག་ཏིས་ཐི་ཡིས་དྲ་ཚིགས་བརྒྱུད་དེ། ཁོ་མོས་དེང་ཐོག་ཙུང་ཐུང་གི་སྲོག་ཐར་ལ་གཏོང་བའི་ཆོད་དོན་སྟེང་མིང་བཀོད་པའི་ཐད་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ཡོད་ལ། ཁོ་མོས་རྒྱལ་ཚོགས་ཀྱི་གྲོས་མིའི་ལས་འགན་བསྐྱུར་ནས། ཡོ་རོབ་གླིང་གྲོས་ཁང་གི་གྲོས་མིའི་འདེམ་སྒུག་མི་སྣའི་མིང་ཐོ་ལས་ཕྱིར་འབུད་རྒྱུ་ཐག་བཅད་ཡོད། ནོའུ་ཝ་ཁི་ཡིས་གོང་གི་སྲོག་ཐར་ལ་གཏོང་བའི་ཆོད་དོན་དེའི་སྟེང་མིང་འགོད་སྐབས། བོ་ཨར་ཀའོ་ཡུག་ཏིས་ཐི་ཡིས་ཁྲིམས་འཛིན་པུའུ་ཀྲང་གི་འགན་ཁུར་ཡོད་པ་རེད།

ཧང་ག་རིའི་ཙུང་ལི་ཨིག་ཨར་པན་གྱིས་ཚེས་བརྒྱད་ཉིན་དྲ་ཚིགས་བརྒྱུད་དེ་ཁྱབ་བསྒྲགས་བྱས་དོན། སྲིད་གཞུང་གིས་རྩ་ཁྲིམས་བཟོ་བཅོས་ཀྱི་འཆར་ཟིན་ཞིག་སྤྲད་དེ། ནར་སོན་མེད་པའི་མིར་ལོག་གཡེམ་བྱེད་མཁན་སྲོག་ཐར་ལ་གཏོང་བར་སྔོན་འགོག་བྱས་ཡོད། ཁོས་བསྟན་དོན། ནག་ཉེས་མཁན་དེ་དག་ལ་སྙིང་རྗེ་སྤུ་ཙམ་ཡང་སྐྱེས་དགོས་མེད་ཟེར།

ནོའུ་ཝ་ཁི་ཡིས་ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་པར་ཧང་ག་རིའི་ཙུང་ཐུང་གི་འགན་ཁུར་བ་དང་། འགན་ཡུན་ལོ་ངོ་ལྔ་རེད། མོ་ནི་ཧང་ག་རིའི་བུད་མེད་ཙུང་ཐུང་ཐོག་མ་རེད།  །


 
རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།