ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་རྒྱལ་སྲུང་པུའུ་ཀྲང་གིས་ཧ་མ་སིས་ཅཱ་ཧྲ་རྒྱུད་ཀྱི་དབང་ཆ་ཤོར་ཟིན་ཞེས་བཤད་པ་དང་། ཕ་ལི་སི་ཐན་ཙུང་ལིས་ཅཱ་ཧྲ་རྒྱུད་ལ་མི་ཆོས་རིང་ལུགས་ཀྱི་བགྲོད་ལམ་མང་པོ་ཕྱེ་དགོས་པའི་རེ་འབོད་བྱས།
དབྱི་སི་རལ་རྒྱལ་སྲུང་པུའུ་ཀྲང་ཅ་ལན་ཐེས་ཚེས13ཉིན་བཤད་རྒྱུར། དབྱི་སི་རལ་དམག་གིས་ཅཱ་ཧྲ་གྲོང་བཟུང་བ་དང་བསྟུན་ནས། ཕ་ལི་སི་ཐན་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སིས་ཅཱ་ཧྲ་རྒྱུད་ལ་ཚོད་འཛིན་དབང་ཆ་ཤོར། དབྱི་སི་རལ་དམག་གིས་ཉེ་བའི་ཉིན་འགའི་ནང་ཧ་མ་སིའི་ས་འོག་དོང་ལམ་ལ་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ་ཚད་ཇེ་མང་དུ་བཏང་།
ཕྱེད་གླིང་ཕྲན་བརྙན་འཕྲིན་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཧ་མ་སིའི་ཁོངས་གཏོགས་དྲག་ཆས་ཤོག་ཁག་ཁ་སང་བརྒྱ་ཤོག་གིས་ཚེས13ཉིན་གྱི་དགོང་མོར། ཐེ་ལ་ཝེ་ཕུའུ་ཚུད་པའི་དབྱི་སི་རལ་དབུས་རྒྱུད་ས་ཁུལ་དུ་མེ་ཤུགས་འཕུར་མདེལ་འཕངས་པས། ཐེ་ལ་ཝེ་ཕུར་གད་གཏོར་གནས་ཚུལ་མང་པོ་ཐོན། ཁ་སང་བརྒྱ་ཤོག་གི་མགྲིན་ཚབ་པས་ཚེས13ཉིན་གྱི་དགོང་མོར་བསྟན་དོན། སྒྲིག་འཛུགས་དེས་ཅཱ་ཧྲ་རྒྱུད་དུ་བཀག་ཉར་བྱས་པའི་བུད་མེད་དང་བྱིས་པ70ལྷག་གློད་རྩིས་ཡོད་ཅིང་། དེ་ལས་དུས་ཡུན་ཉིན་ལྔའི་རིང་གི་དམག་མཚམས་འཇོག་རྒྱུ་བརྗེ་རྒྱུ་ཞེས་བཤད།
ཧ་མ་སིའི་ཕྱོགས་ནས་བསྟན་དོན། རེས་སྐོར་འདིའི་དམག་འཁྲུག་བྱུང་པ་ནས་བཟུང་། ཅཱ་ཧྲ་རྒྱུད་དུ་རྐྱེན་ལམ་དུ་ཤོར་བའི་མི་གྲངས11240བར་ཇེ་མང་དུ་ཕྱིན་པ་དང་། དེའི་ནང་བྱིས་པ4630ཚུད། མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་ཏེ། རེས་སྐོར་འདིའི་ཕ་དབྱིའི་དམག་འཁྲུག་ཐོན་པ་དེས་ཅཱ་ཧྲ་རྒྱུད་ཀྱི་བྱིས་པ་ཁྲི70ལས་བརྒལ་བར་གནས་ཡུལ་མེད་པར་གྱུར་ཡོད།
ཅཱ་ཧྲ་རྒྱུད་ཀྱི་འཕྲོད་བསྟེན་སྡེ་ཁག་གི་མགྲིན་ཚབ་པས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་བྱང་རྒྱུད་སྨན་ཁང་ཕལ་ཆེ་བ་ཞབས་ཞུ་འདོན་མཚམས་བཞག ཕ་ལི་སི་ཐན་གྱི་ཙུང་ལི་ཨ་ཧྲེ་ཐི་ཡེས་རྒྱལ་སྤྱིའི་སྤྱི་ཚོགས་ནས་ལ་ཧྥ་འགག་སྒོ་ཙམ་གྱིས་མི་ཚད་པར། ཅཱ་ཧྲ་རྒྱུད་ལ་མི་ཆོས་རིང་ལུགས་ཀྱི་སྒོ་མོ་སྔར་བས་མང་པོ་ཕྱེ་རྒྱུའི་རེ་འབོད་བྱས།
ཁ་ཐར་སྨྱན་སྦྱོར་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། དབྱི་སི་རལ་དམག་དཔུང་གིས་ཚེས13ཉིན་ཅཱ་ཧྲ་གྲོང་དུ་གནས་པའི་ཁ་ཐར་གྱི་ཅཱ་ཧྲ་བསྐྱར་སྐྲུན་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་པུའུ་གཏོར། དེའི་ཐད་ཁ་ཐར་ཕྱི་འབྲེལ་པུའི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་ཏེ་སྐྱོན་འཛུགས་དྲག་པོ་བྱས་པ་དང་། བྱ་སྤྱོད་དེ་ནི་རྒྱལ་སྤྱིའི་བཅའ་ཁྲིམས་དང་ཚབས་ཆེན་འགལ་བ་དང་། གནས་ཚུལ་ཅི་འདྲ་ཞིག་གི་འོག་ཏུའང་དང་ལེན་བྱ་ཐབས་བྲལ། ཉིན་དེར་ཅོར་ཏན་དང་སོ་ཏི་ཨ་རབ། ཁ་ཝེ་ཐེ། ཨ་མན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱིས་ཀྱང་སྔ་རྗེས་སུ་གསལ་བསྒྲགས་སྤེལ་ཏེ་སྐྱོན་འཛུགས་བྱས།
དབྱི་སི་རལ་ཕྱི་འབྲེལ་དཔོན་ཁོ་ཨེན་གྱིས་ཚེས13ཉིན་སྨྱན་སྦྱོར་ལས་ཁུངས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། དབྱི་སི་རལ་ལ་ཕྱི་ཕྱོགས་ཀྱི་སྣོན་ཤུགས་ཆེན་པོ་འཕྲད་མགོ་ཚུགས། དབྱི་སི་རལ་གྱི་ཕྱི་འབྲེལ་དཔོན་འགའ་ཤས་ཀྱིས་ཁོ་པ་དང་གྲོས་མོལ་བྱེད་སྐབས་དམག་མཚམས་འཇོག་དགོས་པའི་བླང་བྱ་བཏོན་བྱུང་ཞེས་བཤད། །