ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་ཆུ་ལོག་གནོད་འཚེའི་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2023-09-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པུ་ཡཱའི་ཤར་ཕྱོགས་ས་ཁུལ་གྱི་ཆུ་ལོག་གི་གནོད་འཚེ་བྱུང་སའི་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད། ལི་པུ་ཡཱའི་དམག་ཕྱོགས་མི་སྣས་ཚེས་བཅུ་དྲུག་ཉིན་བསྟན་དོན། འདས་པའི་ཉིན་གསུམ་ནང་། རྒུད་སྐྱོབ་མི་སྣས་ཏི་ཨར་ནཱ་ཉེ་འདབས་ཀྱི་མཚོ་ཁོངས་ནས་བེམ་པོ་བཞི་བརྒྱ་དང་ལྔ་བཅུ་ལྷག་རྙེད་ཡོད་ཟེར། ལི་པུ་ཡཱའི་རྒྱལ་ཁབ་རིམས་ནད་ཚོད་འཛིན་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་དོན། ཆུ་ལོག་གི་གནོད་འཚེ་ཐེབས་པའི་ས་ཁུལ་ནས་དུས་ཡུན་ལོ་གཅིག་རིང་འཕྲོད་བསྟེན་བྲེལ་མྱུར་རྣམ་པ་སྲུང་འཛིན་བྱེད་དགོས་ཟེར།

གནོད་ཐེབས་ས་ཁུལ་གྱི་གཞུང་ལམ་ཡང་བསྐྱར་བཏོད་པ་དང་བསྟུན། གསར་འགོད་པ་ཚེས་བཅུ་དྲུག་ཉིན་གནོད་འཚེ་ཐེབས་པ་ཚབས་ཆེ་བའི་ཏི་ཨར་ནཱ་གྲོང་ཁྱེར་དུ་བཅར་འདྲི་བྱེད་པར་འགྲོ་རྩིས་བྱས། གནོད་ཐེབས་ས་ཁུལ་དུ་འགྲོ་བའི་ལམ་བར་ནས། ལི་པུ་ཡཱའི་ས་ཁུལ་སོ་སོའི་དཔོན་ཕྱོགས་དང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས། མང་ཚོགས་བཅས་ཀྱིས་རང་འགུལ་གྱིས་རྩ་འཛུགས་བྱས་པའི་རྒུད་སྐྱོབ་རུ་ཁག་དང་། ས་དེའི་ཁེ་ལས་ཆེན་མོའི་རྒུད་སྐྱོབ་རླངས་འཁོར་རུ་ཁག་སོགས་མཐོང་ཐུབ་ལ། རྒུད་སྐྱོབ་དངོས་རྫས་མང་བོ་དྲུད་ནས་ཏི་ཨར་ནཱ་སོགས་ས་ཁུལ་དུ་བགྲོད་བཞིན་ཡོད་ཟེར།

ཏི་ཨར་ནཱ་དང་ཉེ་བའི་གནས་སུ། ས་དེའི་དམག་དཔུང་གིས་ལམ་གྱི་འགྲམ་ལོགས་སུ་ཞིབ་བཤེར་ས་ཚིགས་མང་བོ་བཀོད་སྒྲིག་བྱས་ཡོད། གནོད་འཚེ་ཐེབས་རྗེས་ཏི་ཨར་ནཱ་གྲོང་ཁྱེར་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད་ལ། འདམ་སྙིགས་དང་རླངས་འཁོར་ཆག་རོ་སོགས་གང་སར་མཐོང་ཐུབ།

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཞལ་འདེབས་སུ་ཕུལ་བའི་རྒུད་སྐྱོབ་དངོས་རྫས་དག་ཚེས་བཅུ་དྲུག་ཉིན་བསྟུད་མར་ལི་པུ་ཡཱ་རུ་འབྱོར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྟན་དོན། ཏུན་ཉེར་དགུ་ཡོད་པའི་སྨན་བཅོས་དང་བྲེལ་མྱུར་དངོས་རྫས་སྐོར་ཞིག་ལི་པུ་ཡཱའི་ཤར་ཕྱོགས་ཀྱི་པན་ཅཱ་ཞི་གྲོང་ཁྱེར་དུ་འབྱོར་ཡོད་ཟེར། རྒྱ་གྲམ་དམར་པོ་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚེས་བཅུ་དྲུག་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན། ལི་པུ་ཡཱ་ནས་ཐེངས་འདིའི་ཆུ་ལོག་གི་གནོད་འཚེའི་ཁྲོད་མི་འབུམ་བརྒྱད་ལྷག་ལ་གནོད་པ་ཐེབས་ཡོད་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།